ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྟེང་ཡོ་རོབ་ཀྱི་འགྲན་རྩོད་ནུས་པ་དང་ཡོ་རོབ་དང་ཨ་རིའི་འབྲེལ་བའི་གྲོས་གཞིར་གྲོས་བསྡུར་བྱས།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཚེས7ནས8ཉིན་བར།ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དེ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་བསྡུས་པ་དང་།ཡོ་རོབ་ཀྱི་འགྲན་རྩོད་ནུས་པའི་གྲོས་མཐུན་གསར་པ་དང་དེ་མིན་ཡོ་རོབ་དང་ཨ་རིའི་འབྲེལ་བའི་གྲོས་གཞི་གཙོར་བཟུང་ནས་གྲོས་བསྡུར་བྱས།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།

ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣས《པུ་ཏ་ཕེ་སིའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ཞིང་། ཡོ་རོབ་ཀྱི་འགྲན་རྩོད་ནུས་པའི་སྐོར་གྱི་གྲོས་མཐུན་གསར་པར་བརྟེན་ནས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ནན་བཤད་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཚོགས་འདུའི་སྟེང་།  ད་ལོའི་ཟླ4པར་ཡོ་རོབ་མནའ་འབྲེལ་གྱི་དམིགས་བསལ་རྩེ་ཚོགས་སྟེང་བཏོན་པའི་འགྲན་རྩོད་ནུས་པར་ཤུགས་བྱེད་པའི་སྒུལ་ཤུགས་རྒྱུ་རྐྱེན་གཙོར་བཟུང་ནས་གྲོས་བསྡུར་བྱས་པའི་ཁྲོད། ཁྲོམ་ར་རྐྱང་པར་ཤུགས་སྣོན་བྱེད་པ་དང་གསོག་འཇོག་དང་མ་འཇོག་མནའ་འབྲེལ་འཛུགས་པ།ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་སྟབས་བདེ་རུ་གཏོང་རྒྱུ་བཅས་དང་། དེ་མིན་རྒྱལ་སྲུང་བཟོ་ལས་དང་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ། འཁོར་རྒྱུག་དཔལ་འབྱོར། གཞི་གྲངས་ཅན་གྱི་རིགས་སྒྱུར། ཚོང་དོན་སོགས་ཁྱབ་ཁོངས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་འགྲན་རྩོད་ནུས་པར་ཤུགས་སྣོན་བྱེད་པའི་འབྲེལ་ཡོད་བྱེད་ཐབས་འདུས་ཡོད་པ་རེད།

ཕྱི་འབྲེལ་གྱི་ཕྱོགས་སུ། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཡོ་རོབ་དང་ཨ་རིའི་འབྲེལ་བའི་སྐོར་ལ་འཐབ་ཇུས་ཀྱི་རྩོད་གླེང་བྱས་ཏེ།ཡོ་རོབ་ཀྱི་སྟོབས་ཤུགས་དང་བདག་དབང་ཤུགས་ཆེར་གཏོང་དགོས་པ་ནན་གྱིས་བསྟན།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་འར་གྱིས་ཚོགས་འདུའི་སྔོན་དུ།ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ལ་སྤྲིངས་པའི་གདན་ཞུའི་ཡི་གེའི་ནང་། འདས་ཟིན་པའི་ལོ20ཡི་ནང་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གྱིས་འཛམ་གླིང་དུ་བཟུང་བའི་བསྡུར་ཚད་ཀྱི་ཕྱེད་ཀ་ཇེ་ཉུང་དུ་སོང་ནས། གནས་བབ་ལ་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་བྱུང་ཡོད། ང་ཚོས་ངེས་པར་དུ་མྱུར་དུ་བྱ་སྤྱོད་སྤེལ་དགོས་པ་ལས་ནར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་ཞེས་བཤད།

ཚེས7ཉིན། སྐབས་ལྔ་པའི་ཡོ་རོབ་ཆབ་སྲིད་ཀྱི་ཐུན་མོང་སྒྲིག་གཞིའི་འགོ་ཁྲིད་པའི་ཚོགས་འདུ་པུ་ཏ་ཕེ་སིར་བསྡུས་ཤིང་། ཡོ་རོབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་སྲིད་གཞུང་གི་འགོ་གཙོ། ཡོ་རོབ་མནའ་འབྲེལ་གྱི་སྒྲིག་གཞིའི་འགོ་ཁྲིད་པ་བཅས་མི50ཙམ་ཚོགས་འདུར་ཞུགས་ནས་ཡོ་རོབ་ཀྱི་བདེ་འཇགས་གནད་དོན་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།