སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ་ཨ་ཏི་ལའེ་མཐའ་མཚམས་འགག་སྒོ་མུ་མཐུད་སྒོ་འབྱེད་བྱེད་པར་ཁག་ཐེག་བྱ་རྒྱུའི་གྲོས་གཞི་བཏོན།
2024.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས11ཉིན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་དང་ཀྲ་ཏི། མཉམ་འབྲེལ་རྒྱལ་ཚོགས་བཅས་ཕྱོགས་གསུམ་གྱི་མཉམ་འབྲེལ་རྐྱེན་སྲོལ་ཅིག་བཙུགས་ཏེ། སུའུ་ཏན་དང་ཀྲ་ཏི་བར་གྱི་ཨ་ཏི་ལའེ་མཐའ་མཚམས་འགག་སྒོ་མུ་མཐུད་སྒོ་འབྱེད་པར་ཁག་ཐེག་བྱ་རྒྱུའི་གྲོས་གཞི་བཏོན།

སུའུ་ཏན་མི་ཆོས་རིང་ལུགས་རོགས་སྐྱོབ་ཀྱི་ཆེད་དོན་པ་པེ་ཉི་ཡཱ་ཡིས་ཉིན་དེར། སུའུ་ཏན་གྱི་ཤར་ཕྱོགས་གྲོང་ཁྱེར་སུའུ་ཏན་གྲུ་ཁ་རུ་འཚམས་འདྲིར་ཐོན་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆེད་མཁས་ཚན་ཆུང་དང་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སུའུ་ཏན་གྱི་མི་ཆོས་རིང་ལུགས་གནས་ཚུལ་ཐད་ནས་གྲོས་སྡུར་བྱས། པེ་ཉི་ཡཱ་ཡིས་གྲོས་མོལ་རྗེས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མཉམ་འབྲེལ་རྐྱེན་སྲོལ་བཙུགས་ན་མངའ་ཁོངས་བརྒལ་བའི་ལས་རིམ་སྟབས་བདེ་རུ་བསྒྱུར་བ་དང་མངའ་ཁོངས་བརྒལ་བའི་དངོས་ཟོང་ལ་ལྟ་ཞིབ་བྱེད་པར་རོགས་བྱེད་ཐུབ་ཟེར། སུའུ་ཏན་སྲིད་གཞུང་གིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་མངའ་ཁོངས་བརྒལ་བ་དང་སྐྱེལ་འདྲེན་སྒྱུར་སྤོར་ཐད་སྟབས་བདེ་འདོན་སྤྲོད་བྱེད་ཅིང་། སུའུ་ཏན་མངའ་ཁོངས་སུ་ཡོང་བའི་རོགས་སྐྱོབ་དངོས་རྫས་ཁྲོད་དྲག་ཆས་རིགས་མི་འདུ་བའི་བླང་བྱ་དང་འཚམ་པ་ཡིན་ན། ཨ་ཏི་ལའེ་མཐའ་མཚམས་འགག་སྒོ་མུ་མཐུད་དུ་སྒོ་འབྱེད་པ་བསྐྱར་སྒྲོག་བྱས།

ཨ་ཏི་ལའེ་མཐའ་མཚམས་འགག་སྒོ་ནི་སུའུ་ཏན་ནུབ་ཕྱོགས་ཀྱི་སྐམ་སའི་འགག་སྒོ་ཆེས་གཙོ་ཆེ་བའི་གྲས་ཤིག་ཡིན་ལ། ད་ལོའི་ཟླ་གཉིས་པར། སུའུ་ཏན་སྲིད་གཞུང་གིས་འགག་སྒོ་འདི་བརྒྱུད་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྲ་ཏི་ནས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་ཏ་ཨར་ཧྥུའུ་ཨར་ས་ཁུལ་དུ་འདྲུད་པ་བཀག་འགོག་བྱས་པ་དང་། རྒྱུ་མཚན་ནི་སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་འགག་སྒོ་བེད་སྤྱད་ནས་མཚོན་ཆ་སྐྱེལ་འདྲེན་བྱས་པས་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབོད་སྐུལ་འོག ཟླ8ཚེས15ཉིན། སུའུ་ཏན་སྲིད་གཞུང་གིས་འགག་སྒོ་དེ་ཟླ་གསུམ་རིང་སྒོ་འབྱེད་རྒྱུ་ཐག་བཅད་པ་དང་། སྐབས་དེའི་འཆར་གཞི་ལྟར་ན། ཨ་ཏི་ལའེ་མཐའ་མཚམས་འགག་སྒོ་ཟླ11པའི་ཚེས15ཉིན་སྒོ་རྒྱག་རྒྱུ་རེད།

2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་བར་རྒྱལ་ས་ཁཱ་ཐུའུ་མུའུ་ནས་དྲས་ཆས་འགལ་བ་བྱུང་ཞིང་། དེར་མཐུད་དམག་འཁྲུག་ས་ཁུལ་གཞན་པར་མཆེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ད་ལོའི་ཟླ10པར། སུའུ་ཏན་གྱི་དྲག་ཆས་འགལ་བ་ལས་སུའུ་ཏན་རྒྱལ་ནང་གི་བརྒྱ་ཆའི་གོ་བདུན་གྱི་མི་ལྟོགས་སྡུག་ཚབས་ཆེན་ལ་འཕྲད་སྲིད་པའི་ཉེན་བརྡ་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།