ཡེ་མིན་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར།
2024.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས12ཉིན་བཤད་རྒྱུར། རྩ་འཛུགས་དེས་ཨ་རབ་རྒྱ་མཚོ་དང་མཚོ་དམར་ནས་ཨ་མེ་རི་ཁའི་དམག་དཔུང་གི་གནམ་གྲུ་འབབ་སའི་གྲུ་གཟིངས་ཤིག་དང་མཐར་སྐྲོད་གཏོང་བྱེད་ཀྱི་དམག་གྲུ་གཉིས་བཅས་ལ་འཇབ་རྒོལ་བྱས་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལེ་ཡཱ་ཡིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཨ་རབ་རྒྱ་མཚོའི་མཚོ་ཁོངས་སུ་ཡོད་པའི་ཨ་མེ་རི་ཁའི་ཡ་པོ་ལ་ཧན་རྟགས་མའི་གནམ་གྲུ་འབབ་སའི་གྲུ་གཟིངས་ཤིག་དང་མཚོ་དམར་མཚོ་ཁོངས་སུ་ཡོད་པའི་ཨ་མེ་རི་ཁའི་མཐར་སྐྲོད་གཏོང་བྱེད་ཀྱི་དམག་གྲུ་གཉིས་ལ་མེ་ཤུགས་འཕུར་མདའ་དང་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། ཨ་མེ་རི་ཁ་དང་དབྱིན་ཇིས་ཡེ་མིན་ལ་བཙན་འཛུལ་བྱས་པར་ཕྱིར་ལན་སྤྲད་པ་ཞིག་དང་།  ཕ་ལེ་སི་ཐན་དང་ལེ་པ་ནོན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། གསལ་བསྒྲགས་ལས་འཇབ་རྒོལ་གྱི་བྱེ་བྲག་དུས་ཚོད་གསལ་བོར་བསྒྲགས་མེད།

ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འགལ་བ་བྱུང་རྗེས། ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདེལ་མང་པོ་བཀོལ་ནས་མཚོ་དམར་དང་ཨ་རབ་རྒྱ་མཚོའི་མཚོ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་ཏེ། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་འདོན་བཞིན་ཡོད། ད་ལོའི་ཟླ1ཚེས12ཚུན་དུ། ཨ་མེ་རི་ཁ་དང་དབྱིན་ཇིས་ཐེངས་མང་པོར་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ནས་མི་སྣར་ཤི་རྨས་བཟོས་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།