ཀྲུང་གོའི་ཨུ་རུ་སི་དཀར་པོར་སྡོད་པའི་གཞུང་ཚབ་ཁང་ཆེན་མོས་ཚེས12ཉིན་ཨུ་རུ་སི་དཀར་པོའི་རྒྱལ་བཙུགས་ལུས་རྩལ་སློབ་ཆེན་གྱི་གུས་ཞབས་ཚོམས་ཆེན་དུ2024ལོའི་ཀྲུང་གོའི་གཞུང་ཚབ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྟེར་བའི་བྱེད་སྒོ་སྤེལ་བ་དང་། ཨུ་རུ་སི་དཀར་པོའི་མཐོ་རིམ་སློབ་གྲྭ་བཅུ་དང་འབྲིང་རིམ་སློབ་གྲྭ་བཅུ་གཅིག་ནས་ཐོན་པའི་སློབ་མ36ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བྱིན།
ཀྲུང་གོའི་ཨུ་རུ་སི་དཀར་པོར་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲང་ཝུན་ཁྲོན་གྱིས་བཤད་རྒྱུར། ཀྲུང་གོའི་ཨུ་རུ་སི་དཀར་པོར་སྡོད་པའི་གཞུང་ཚབ་ཁང་ཆེན་མོས2016ལོར་ཀྲུང་གོའི་གཞུང་ཚབ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས་པ་དང་། དེ་ནི་ཨུ་རུ་སི་དཀར་པོའི་ན་གཞོན་རྣམས་ཀྱིས་རྒྱ་ཡིག་སློབ་པ་དང་། ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་ཆེད་དང་། ཨུ་རུ་སི་དཀར་པོའི་འཛུགས་སྐྲུན་ཐད་སྔར་ལས་ལེགས་པའི་ཞབས་འདེགས་དང་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་མཛའ་བརྩེ་རྒྱུན་འཛིན་བྱེད་ཆེད་རེད། ལོ་དགུའི་རིང་དུ། ཨུ་རུ་སི་དཀར་པོའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་སུམ་བརྒྱ་ལྷག་ལ་བྱ་དགའི་དངུལ་དེ་ཐོབ་ཡོད།
ཀྲང་ཝུན་ཁྲོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། ཨུ་རུ་སི་དཀར་པོའི་མཐོ་རིམ་སློབ་གྲྭ་དང་ཆུང་འབྲིང་རིམ་པའི་སློབ་གྲྭ་སྔར་ལས་མང་པོས་རྒྱ་ཡིག་བསླབ་ཚན་བཀོད་སྒྲིག་བྱས་ཤིང་། རྒྱ་ཡིག་ཨུ་རུ་སི་དཀར་པོའི་གཅིག་གྱུར་རྒྱུགས་གཞིའི་ཕྱི་སྐད་འདེམ་རྒྱུགས་ཁྲོད་བཞག་ཡོད། ད་ལྟའི་བར་དུ། ཨུ་རུ་སི་དཀར་པོར་མི་ཁྲི་ལྔ་ལས་བརྒལ་བས་རྒྱ་ཡིག་སྦྱངས་ཡོད་ལ། རྒྱ་ཡིག་སློབ་པའི་ཚ་རླབས་མུ་མཐུད་འཕྱུར་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སོང་བ་དང་བསྟུན་ནས། རྒྱ་ཆེའི་ཨུ་རུ་སི་དཀར་པོའི་རྒྱ་ཡིག་སློབ་མཁན་ལ་སྔར་ལས་ཡངས་པའི་གར་སྟེགས་འདོན་སྤྲོད་བྱས་ཡོད།
ཨུ་རུ་སི་དཀར་པོའི་སློབ་གསོའི་པུའུ་ཡི་པུའུ་ཀྲང་གཞོན་པ་ཁཱ་ཏི་ལུའུ་པེ་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། སློབ་གསོ་དང་ན་གཞོན་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ལྡན། ཨུ་རུ་སི་དཀར་པོས་རྒྱ་ཡིག་ཁྱབ་གདལ་གཏོང་བར་མཐོང་ཆེན་བྱེད་ཅིང་། རྒྱ་ཡིག་སློབ་པར་སྟབས་བདེ་གང་བཟང་བསྐྲུན་ཡོད་པས། བྱ་དགའི་དངུལ་ཐོབ་མཁན་གྱིས་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་དང་། རིག་གནས། དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།