དབྱི་སི་རལ་གྱི་མི་གཉིས་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།
2024.11.13 ཁུངས། ཀློག་གྲངས། 30

དབྱི་སི་རལ་བྲེལ་མྱུར་རོགས་སྐྱོབ་རྩ་འཛུགས་ཀྱི་གནས་ཚུལ་དང་སྨྱན་བྱད་གསར་འགྱུར་ལྟར་ན། ཚེས་བཅུ་གཉིས་ཉིན་དབྱི་སི་རལ་གྱི་མི་གཉིས་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་འཕངས་པའི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་བཀོད་བྱས་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཉིན་དེར། དབྱི་སི་རལ་གྱི་བྱང་ཕྱོགས་མཐའ་མཚམས་གྲོང་ཁྱེར་ན་ཧཱ་ལི་ཡཱ་སོགས་ས་ཁུལ་དུ་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། དབྱི་སི་རལ་བྲེལ་མྱུར་རོགས་སྐྱོབ་རྩ་འཛུགས་ཏ་ཝེ་ཡི་ཕུབ་དམར་པོ་ཞེས་པས་དེར་མཐུད་ནས་བསྟན་དོན། སྐྱེས་པ་གཉིས་ན་ཧཱ་ལིས་ཡཱར་འཕངས་པའི་མེ་ཤུགས་འཕུར་མདེལ་གྱི་མདེལ་ལེབ་འཁེལ་ནས་རྐྱེན་ལམ་དུ་བཏང་ཟེར།

དབྱི་སི་རལ་གྱི་དབུས་ཁུལ་གྲོང་ཁྱེར་ཐི་ལ་ཝེ་ཧྥུའུ་རུའང་ཚེས12ཉིན་མཁའ་སྲུང་ཉེན་བརྡ་གྲགས་པ་རེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར། སྐབས་དེར་འཕུར་མདེལ་བཅུ་ལེ་པ་ནོན་ནས་དབྱི་སི་རལ་དུ་འཕངས་པ་དང་། དེའི་ཁྲོད་ཀྱི་ཁ་ཤས་ཤིག་མཁའ་སྲུང་མ་ལག་གིས་བཀག་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས12ཉིན་གསལ་བསྒྲགས་གཞན་ཞིག་གི་ཁྲོད་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ཀྲིན་ཀྲུའུ་ཏང་གི་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐིའི་ལྷོ་ཕྱོགས་ཏེ་ཞི་ཡེ་རུ་ཡོད་པའི་འདུས་སྡོད་ཁུལ་དུ་གསང་འཕྲིན་ལྟར་བར་སྣང་འཇབ་རྒོལ་བྱས་ཟེར། ཉེ་བའི་ཟླ་འགའི་རིང་། དབྱི་སི་རལ་གྱི་དམག་དཔུང་གིས་པེ་ལུའུ་ཐི་རུ་བར་སྣང་འཇབ་རྒོལ་ཐེངས་བཅུ་ལྷག་བྱས་ཤིང་། ཀྲིན་ཀྲུའུ་ཏང་གི་ཏེ་ཞི་ཡེ་རུ་ཡོད་པའི་མཚོན་ཆ་སྒྲིག་བཟོ་ཁང་དང་སྒྲིག་ཆས་མང་པོ་གཏོར་བརླགས་བཏང་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས12ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ11པའི་ཚུན་དུ། མི་མེད་གནམ་གྲུ་དྲུག་ཅུ་ཙམ་ལེ་པ་ནོན་དང་དབྱི་རག་ནས་དབྱི་སི་རལ་དུ་བཏང་བ་དང་། དེའི་ཁྲོད་ཀྱི་བརྒྱ་ཆའི་དགུ་ཅུ་ཙམ་མཁའ་སྲུང་མ་ལག་གིས་བཀག་པ་རེད། དབྱི་སི་རལ་དུས་ཐོག་གསར་འགྱུར་ལས་བསྒྲགས་པ་ལྟར་ན། ཉེ་བའི་ཟླ་འགའི་རིང་དབྱི་སི་རལ་དུ་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།

ན་ནིང་གི་ཟླ10བའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་བ་བྱུང་པའི་ཚུན་དུ། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་དུས་ངེས་མེད་དུ་དབྱི་སི་རལ་གྱི་བྱང་ཕྱོགས་སུ་འཇབ་རྒོལ་བྱེད་བཞིན་ཡོད་ལ། དབྱི་སི་རལ་གྱིས་ལེ་པ་ནོན་ལྷོ་ཕྱོགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་དང་མེ་སྒྱོགས་ཀྱིས་རྒོལ་ལན་སྤྲོད་བཞིན་ཡོད། ཕྱོགས་གཉིས་ཀྱི་ལེ་པ་ནོན་དང་དབྱི་སི་རལ་མཐའ་མཚམས་ཀྱི་འགལ་བ་ད་ལྟའི་བར་རྒྱུན་སྲིང་བྱས་ཤིང་། ལེ་པ་ནོན་ལྷོ་ཕྱོགས་དང་དབྱི་སི་རལ་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་མང་པོ་གནས་དེ་ནས་ཕྱིར་འཐེན་བྱས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།