འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པའི་སྐབས་སུ་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། 2024ལོ་ཟིན་ཐོར་བཀོད་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་རུ་འགྱུར་སྲིད་ཟེར།
2024ལོའི་ནམ་གཤིས་གནས་ཚུལ་གསར་སྒྱུར་ཞེས་པའི་སྙན་ཞུ་དེས་རྒྱལ་སྤྱིའི་གཞི་གྲངས་གཅིག་སྡུས་ཁག་དྲུག་གི་དབྱེ་ཞིབ་རྨང་གཞི་རུ་བྱས་ཡོད། སྙན་ཞུ་ལས་མཚམས་སྦྱོར་བྱས་དོན། དྲོད་ཚད་ཇེ་མཐོར་གཏོང་བའི་ཨི་ཨར་ཉི་ནོ་དོན་རྐྱེན་གྱི་སྐུལ་འདེད་འོག 2024ལོའི་ཟླ1པོའི་ཚེས9ཉིན་འཛམ་གླིང་གི་ས་ངོས་ཀྱི་ཆ་སྙོམ་དྲོད་ཚད་དེ་བཟོ་ལས་ཅན་སྔོན་གྱི་ཆ་སྙོམ་ཚད་ལས་ཧྲེ་ཧྲི་ཏུའུ་གཅིག་དང་གྲངས་ཆུང་ལྔ་བཞི་ཡིས་མཐོ་བས། 2024ལོ་ཟིན་ཐོར་བཀོད་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་རུ་འགྱུར་སྲིད་ཅིང་། ད་བར་དུ་གཏན་ཁེལ་བྱས་པའི་ཟིན་ཐོར་བཀོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་ནི2023ལོ་རེད།
སྙན་ཞུ་ལས། རླུང་ཁམས་ཆེན་མོའི་དྲོད་ཁང་རླུང་གཟུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བར་བརྟེན། ནམ་ཟླའི་འགྱུར་ལྡོག་གིས་མི་རབས་གཅིག་གི་དུས་ཚོད་ལ་ཐེབས་པའི་འགྱུར་ལྡོག་ཇེ་མགྱོགས་སུ་བཏང་བ་རེད། 2015ལོ་ནས2024ལོ་ནི་ཟིན་ཐོར་བཀོད་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་ངོ10རེད། འཁྱགས་ཀླུང་གི་འཁྱགས་དར་ཞུ་བ་དང་། མཚོ་ངོས་ཇེ་མཐོར་འགྲོ་བ། རྒྱ་མཚོའི་དྲོད་ཚད་ཡར་འཕར་ཚད་སོགས་ཇེ་མགྱོགས་སུ་སོང་ཡོད། ཐལ་དྲགས་པའི་ནམ་གཤིས་སོགས་ཀྱིས་ད་ལྟའི་འཛམ་གླིང་གི་ས་ཁུལ་སོ་སོའི་སྤྱི་ཚོགས་དང་དཔལ་འབྱོར་ཐད་གཏོར་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད་ཅེས་བསྟན་ཡོད།
ཕ་རེ་སིའི་གྲོས་ཆོད་ལས་བསྟན་པའི་དྲོད་ཚད་ཚོད་འཛིན་དམིགས་འབེན་ལྟར་ན། དུས་རབས་འདིའི་དུས་མཇུག་ཏུ། འཛམ་གླིང་གི་ཆ་སྙོམ་དྲོད་ཚད་བཟོ་ལས་ཅན་སྔོན་དང་བསྡུར་ན་ཆུ་ཚད་ཇེ་མཐོར་འགྲོ་བའི་ཚད་གཞི་ཧྲེ་ཧྲི་ཏུའུ་གཉིས་ཀྱི་ནང་ཚོད་འཛིན་བྱེད་དགོས་པར་མ་ཟད། དྲོད་ཚད་ཇེ་མཐོར་འགྲོ་ཚད་དེ་ཧྲེ་ཧྲི་ཏུའུ་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་ཐུབ་པར་འབད་པ་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།