ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོན་ཨན་གྱིས་ཚེས13ཉིན་ཁྱབ་བསྒྲགས་བྱས་དོན། ཐུར་ཁེ་ཡིས་དབྱི་སི་རལ་བར་གྱི་འབྲེལ་ཐག་བཅད་པ་ཡིན་ལ། མ་འོངས་པར་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གང་ཡང་སྤྱོད་མི་སྲིད་ཟེར།
ཐུར་ཁེའི་ཨ་ན་ཏོ་ལུའུ་འཕྲིན་གཏོང་ཁང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་ལྟར་ན། ཨེ་ཨར་ཏོན་ཨན་གྱིས་ཨ་སེ་པེ་ཅང་ནས་ཐུར་ཁེ་རུ་འཕུར་བའི་སྐབས་སུ་ཐུར་ཁེ་དང་དབྱི་སི་རལ་གྱི་ཉོ་ཚོང་སྔར་བཞིན་གྱི་རྒྱུན་མཐུད་ཡོད་པའི་གནད་དོན་ལ་ལན་འདེབས་སྐབས། ཁོས་འགོ་ཁྲིད་པའི་ཐུར་ཁེའི་སྲིད་གཞུང་གིས་དབྱི་སི་རལ་བར་གྱི་འབྲེལ་ཐག་གཅོད་རྒྱུའི་སེམས་ཐད་བཅད་ཡོད་པ་དང་། མིག་སྔར། ཐུར་ཁེ་དང་དབྱི་སི་རལ་བར་འབྲེལ་བ་ཅི་ཡང་མེད་ལ། མ་འོངས་པར་ཡང་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ཅི་ཡང་སྤེལ་མི་སྲིད་ཟེར།
ད་ལོའི་ཟླ5པར། ཐུར་ཁེ་ཡིས་གནས་སྐབས་སུ་དབྱི་སི་རལ་བར་གྱི་ཉོ་ཚོང་རྒྱུ་ལམ་ཚང་མ་མཚམས་འཇོག་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་རྒྱུ་རྐྱེན་ནི་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་ཉེན་ཁ་ཚབས་ཆེན་དུ་གྱུར་བས་ཡིན་ཟེར།
ལོ་ངོ་བཅུ་ལྷག་གི་རིང་ལ། ཐུར་ཁེ་དང་དབྱི་སི་རལ་གྱིས་བརྟན་མིན་གྱི་འབྲེལ་བ་གང་མང་ཞིག་བརྒྱུད་པ་དང་། 2022ལོའི་ཟླ8པར། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པར་མ་ཟད་ཡང་བསྐྱར་ཕན་ཚུན་བར་གཞུང་ཚབ་པ་མངག་གཏོང་བྱས། ཡིན་ཡང་། ན་ནིང་གི་ཟླ10བའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འགལ་བ་བྱུང་བའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་ཇེ་སྡུག་ཏུ་གྱུར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་རིམ་སྤོར་བྱས་པ་ལས། ཐུར་ཁེའི་སྲིད་གཞུང་གིས་ཐེངས་མང་པོར་དབྱི་སི་རལ་ལ་རྒོལ་གཏམ་དྲག་པོ་བཏང་། ན་ནིང་གི་ཟླ11པར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་རྒྱུན་མཐུད་རྡུང་རྡེག་བཏང་བར་མ་ཟད་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་སྐྱོ་གར་བྱུང་བར་བརྟེན་ནས། ཐུར་ཁེ་ཡིས་དབྱི་སི་རལ་དུ་མངག་པའི་གཞུང་ཚབ་པ་ཕྱིར་བོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།