ཚེས12ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་གྱི་དབུས་ལྷོའི་རྒྱུད་དང་རྒྱལ་ས་པེ་རུ་ཐེའི་ལྷོ་འདབས་སོགས་ལ་མུ་མཐུད་དུ་མཁའ་རྒོལ་བྱས་ནས་མི་33རྐྱེན་ལམ་དུ་བཏང་། ལེ་པ་ནོན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེར་དབྱི་སི་རལ་ལ་འཕུར་མདེལ་དང་མེ་ཤུགས་འཕུར་མདེལ་བཅུ་ཕྲག་ཁ་ཤས་འཕངས་པས་དབྱི་སི་རལ་ཕྱོགས་ཀྱི་མི་གཉིས་རྐྱེན་ལམ་དུ་ཤོར།
ཟླ11པའི་ཚེས9ཉིན། ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེའི་ལྷོ་འདབས་སུ་མི་རྣམས་ཀྱིས་དབྱི་སི་རལ་གྱི་དམག་གིས་མཁའ་རྒོལ་བྱས་རྗེས་ཀྱི་ཞིག་རོར་ལྟ་བཞིན་པ།
ཚེས12ཉིན་གྱི་སྔ་དྲོ། དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐེའི་ལྷོ་འདབས་སུ་འབར་མདེལ་འཕངས་ནས་མཁའ་རྒོལ་ཐེངས་བཅུ་ལྷག་བྱས། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ཅུང་ཙམ་འགོར་ནས་བཤད་རྒྱུར། མཁའ་དབྱིངས་འཇབ་རྒོལ་དེས་ཀྲིན་ཀྲུའུ་ཏང་གི་པེ་རུ་ཐེའི་ལྷོ་འདབས་ཀྱི་ཞི་ཡེའི་དམག་དཔུང་གི་བཟོ་གྲྭ་དང་གོ་མཛོད་མང་ཆེ་བ་རྩ་གཏོར་དུ་བཏང་བ་རེད། ལུའུ་ཐིའུ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དེ་ནི་ཉེ་ལམ་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དཀར་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཕར་རྒོལ་དྲག་པོ་བྱེད་ཐེངས་ཤིག་རེད་ཟེར།
ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ནེ་ཧྲན་ཞིང་ཆེན་གྱི་གྲོང་ཚོ་གཉིས་ལ་མཁའ་རྒོལ་བྱས་ནས་མི23རྐྱེན་ལམ་དུ་བཏང་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད་ཀྱི་ས་ཆར་མཁའ་རྒོལ་བྱས་པས་མི10རྐྱེན་ལམ་དུ་ཤོར་ཟེར།
ཀྲིན་ཀྲུའུ་ཏང་གིས་མུ་མཐུད་དུ་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་བཅས་འཕངས་ནས་དབྱི་སི་རལ་ལ་རྒོལ་ལན་སྤྲད། དབྱི་སི་རལ་གྱི་དམག་གིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་ཚེས12ཉིན། དབྱི་སི་རལ་གྱི་མངའ་ཁོངས་སུ“འཕེན་རྫས”55འཕངས་ཡོད་ཟེར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་གྲོང་ཁྱེར་ཆེ་ཤོས་ཐེ་ལ་ཝུའེ་ཧྥུའུ་ཉེ་འགྲམ་གྱི་དབྱི་སི་རལ་གྱི་མཁའ་དམག་རྟེན་གཞི་ཞིག་ལ་འཕུར་མདེལ་མང་པོ་འཕེན་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད།
བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་ཁྱེར་ན་ཧ་ལི་ཡའི་སྡོད་དམངས་ཀྱི་ཐོག་ཁང་ཞིག་ལ་མེ་མདེལ་ཕོག་ནས་མི་གཉིས་འདས་པ་དང་། བྱང་ཕྱོགས་ཀྱི་གྲོང་ཁྱེར་ཧའེ་ཧྥ་གྲོང་འདབས་ཀྱི་བྱིས་གཉོར་ཁང་ཞིག་ལའང་མེ་ཤུགས་འཕུར་མདེལ་ཕོག་ཡོད་མོད་མི་སྣར་ཤི་རྨས་བྱུང་མེད།
ཚེས12ཉིན། ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་སྐོར་ཐེངས་གསར་བའི་གདོང་ཐུག་བྱུང་བའི་ཚུན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ཉུང་མཐར་ཡང་ལེ་པ་ནོན་གྱི་མི3287ཙམ་རྐྱེན་ལམ་དུ་བཏང་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་རྒྱུད་དང་། དབྱི་སི་རལ་གྱིས་བཟུང་བའི་ཀེ་ལན་མཐོ་ས་དང་ལེ་པ་ནོན་གྱི་ལྷོ་རྒྱུད་བཅས་སུ་དབྱི་སི་རལ་ཕྱོགས་ཀྱི་དམག་མི་དང་མང་ཚོགས་དཀྱུས་མ100ཙམ་རྐྱེན་ལམ་དུ་བཏང་ཟེར། ཚེས12ཉིན་ཀྲིན་ཀྲུའུ་ཏང་གིས་བཤད་པ་ལྟར་ན། ཟླ10བའི་ཚེས1ཉིན་གྱི་ཚུན་དུ་། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་དམག་མི100ལྷག་ཙམ་རྐྱེན་ལམ་དུ་བཏང་ཟེར།
ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་དེ་ན་ནིང་གི་ཟླ10པར་བྱུང་བ་ནས་བཟུང་། ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་མུ་མཐུད་དུ་དམག་འཁྲུག་བརྒྱབ་ནས། ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)ལ་གཞོགས་འདེགས་བྱས་ཡོད། ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་མཉམ་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ད་ལོའི་ཟླ10བའི་ཚེས1ཉིན། ལེ་པ་ནོན་གྱི་ལྷོ་རྒྱུད་དུ་ས་ངོས་ཀྱི་འགུལ་སྤྱོད་སྤེལ་བ་དང་། པེ་རུ་ཐེ་སོགས་ལ་མུ་མཐུད་དུ་མཁའ་རྒོལ་བྱས་པར་བརྟེན་ཀྲིན་ཀྲུའུ་ཏང་གིས་མེ་ཤུགས་འཕུར་མདེལ་དང་སྒྱོགས་མདེལ་སོགས་འཕངས་ནས་ཕྱིར་རྒོལ་ལན་སྤྲད། ལེ་པ་ནོན་གྱི་ལྷོ་རྒྱུད་དང་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ས་ཁུལ་དུ་ཡོད་པའི་ཕྱོགས་གཉིས་ཀྱི་གྲོང་མི་འབོར་ཆེན་ཕྱིར་འཐེན་བྱས་པ་རེད།
དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་ཧོ་ཆི·ཧ་ལའེ་ཝུའེ་ཡིས་ཚེས12ཉིན་ལེ་པ་ནོན་གྱི་ལྷོ་ཕྱོགས་སུ་གནས་དེར་དམག་འཐབ་བྱེད་བཞིན་པའི་དབྱི་སི་རལ་གྱི་དམག་དཔུང་ལ་ལྟ་ཞིབ་བྱས། ཁོས་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནོན་དུ་དམག་འཐབ་བྱེད་པའི་བྱ་སྤྱོད་ལ“སྟོབས་ཤུགས”ཀྱིས་ཁེངས་འདུག་ཟེར།
ཚེས12ཉིན། ཨ་རིའི་ཨ་ཁེ་ཞིས་ཨའོ་སི་གསར་འགྱུར་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་བབ་ལ་འདུམ་སྒྲིག་བྱེད་མཁན་གྱི་ཨ་རིའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་ཨ་མོ་སི·ཧོ་ཁེ་སི་ཐན་གྱིས་ལེ་པ་ནོན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་དེ་མྱུར་དུ་མཚམས་འཇོག་སྲིད་ཟེར།
དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཅི་ཏེ་ཝུང་·ས་ཨར་གྱིས་ཚེས11ཉིན་དབྱི་སི་རལ་དང་ལེ་པ་ནོན་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ“འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཡོད”ཅེས་བཤད། རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་དབྱི་སི་ལེ་ཨར·ཁ་ཚེ་ཡིས་ཉིན་དེར་བསྟན་དོན། དབྱི་སི་རལ་དང་ལེ་པ་ནོན་གྱི་དམག་ འཁྲུག་མཚམས་འཇོག་དགོས་ན། ཀྲིན་ཀྲུའུ་ཏང་གི་དྲག་ཆས་མེད་པར་བཟོ་བ་དང་ཀྲིན་ཀྲུའུ་ཏང་ལི་ཐ་ཉི་གཙང་པོའི་བྱང་རྒྱུད་ནས་ཕྱིར་འཐེན་བྱེད་པ། དེ་མིན་དབྱི་སི་རལ་བྱང་རྒྱུད་ཀྱི་མཐའ་མཚམས་ཀྱི་ཡུལ་མི་བདེ་འཇགས་ངང་ཕྱིར་ཁྱིམ་གཞིས་སུ་ལོག་ཚེ་གཞི་ནས་དམག་འཁྲུག་མཚམས་འཇོག་སྲིད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།