སི་རི་ལན་ཁའི་རྒྱལ་ཁབ་ཀྱི་མི་དམངས་སྟོབས་ཤུགས་ཏང་ལ་གྲོས་ཁང་གི་འདེམས་བསྐོ་ཐོབ།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཚེས15ཉིན།  སི་རི་ལན་ཁའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རྩིས་རྒྱག་འབྲས་བུ་ལས་མངོན་པ་ལྟར་ན།  ཙུང་ཐུང་ཏི་ས་ན་ཡ་ཁེས་འགོ་ཁྲིད་པའི་རྒྱལ་ཁབ་མི་དམངས་སྟོབས་ཤུགས་ཏང་ལ་གྲོས་ཁང་གི་འདེམས་བསྐོའི་ཁྲོད་སུམ་ཆའི་གཉིས་ལྷག་ཙམ་གྱི་གདན་ཐོབ་ཐོབ་ནས་གྲོས་ཁང་གི་འདེམས་བསྐོ་ཐོབ་པ་རེད།

འདེམས་ཤོག་རྩིས་བརྒྱབ་པ་ལས་མངོན་པ་ལྟར་ན། གྲོས་ཁང་གི་གདན་ཐོབ225ཡི་ཁྲོད་རྒྱལ་ཁབ་མི་དམངས་སྟོབས་ཤུགས་ཏང་ལ་གདན་ཐོབ159ཐོབ་པ་དང་། རྒྱལ་དམངས་སྟོབས་ཤུགས་གཅིག་གྱུར་ཏང་ལ་གདན་ཐོབ40ཐོབ་ནས་ཨང་གཉིས་པར་སླེབས། སྐབས་གོང་མའི་གྲོས་ཁང་སྔོན་མའི་ཁྲོད་གདན་ཐོབ་མང་ཆེ་བ་ཐོབ་པའི་མི་དམངས་འཐབ་ཕྱོགས་ཏང་ལ་གདན་ཐོབ3ལས་ཐོབ་མེད་པ་རེད།

ཚེས15ཉིན། ཏི་ས་ན་ཡ་ཁེས་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ནས་རྒྱལ་ཁབ་བསྐྱར་དར་གྱི་ཆེད་དུ་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཀྱིས་འདེམས་ཤོག་འཕངས་པར་ཐུགས་རྗེ་ཆེ་ཞུས།

སྐབས་གསར་པའི་གྲོས་ཁང་གིས་ཟླ11པའི་ཚེས21ཉིན་ཚོགས་འདུ་ཐེངས་དང་པོ་བསྡུ་རྒྱུ་ཡིན་པར་མ་ཟད་སྐབས་གསར་པའི་གྲོས་དཔོན་འདེམས་རྒྱུ་རེད།

སི་ལེ་ལན་ཁ་གྲོས་ཁང་ནི་གྲོས་ཁང་གཅིག་གི་ལམ་ལུགས་ཀྱི་གྲོས་ཁང་རེད། སྐབས་གོང་མའི་གྲོས་ཁང་ནི2020ལོའི་ཟླ8པར་བཙུགས་པ་རེད། ད་ལོའི་ཟླ9བའི་ཚེས24ཉིན་ཏི་ས་ན་ཡ་ཁེས་དམིགས་བསལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་ནས།  གྲོས་ཁང་མེད་པར་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།  ཟླ11པའི་ཚེས14ཉིན་སྐབས་གསར་པའི་གྲོས་ཁང་འདེམས་བསྐོ་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།