ཚེས16ཉིན་གྱི་སྔ་དྲོ། ཀྲུང་གོ་དང་ལའོ་ཝའོ་ཡི“ཞི་བདེའི་མེ་འཁོར2024”ཡི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་མཉམ་འབྲེལ་སྦྱོང་བརྡར་དེ་ལའོ་ཝུའུ་ཡི་རྒྱལ་ས་ཝན་ཞང་དུ་འགོ་བརྩམས། ལའོ་ཝའོ་མི་དམངས་དམག་སྤྱིའི་ཆབ་སྲིད་པུའུ་དང་སྤྱིའི་མཁོ་སྒྲུབ་པུའུ། ཝན་ཞང་ཞིང་ཆེན་དམག་ཁུལ་གྱི་འགོ་ཁྲིད་དང་ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་དཔོན་དང་། དེ་མིན་ཀྲུང་གོ་དང་ལའོ་ཝའོ་དམག་དཔུང་གཉིས་ཀྱི་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་རྣམས་འགོ་རྩོམ་མཛད་སྒོར་ཞུགས།
མཛད་སྒོའི་ཡུལ་དངོས་སུ་ཐོག་མར་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། ལའོ་ཝའོ་མི་དམངས་དམག་གི་སྤྱིའི་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་དང་ཀྲུང་གོ་ཕྱོགས་ཀྱི་མཛུབ་ཁྲིད་མཐུན་སྦྱོར་ཚན་ཁག་གི་ཚན་གཙོས་སོ་སོར་ཤིས་ཚིག་ཕུལ་བར་མ་ཟད། མཉམ་འབྲེལ་སྦྱོང་བརྡར་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལའོ་ཝའོ་མི་དམངས་དམག་དཔུང་སྤྱིའི་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་ཧྲའོ་ཅང་ཁན་ཕེ་ཡིས་ཤིས་ཚིག་འབུལ་སྐབས།“ཞི་བདེའི་མེ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པར་ལའོ་ཝའོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དེའི་སྟེང་ནས།རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་མཛའ་བརྩེ་འབྲེལ་བ་དམ་ཟབ་ཡིན་པ་མཚོན་ཐུབ།“ཞི་བདེའི་མེ་འཁོར2024”ཡི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱས་པ་དེས་མཉམ་དུ་རང་བྱུང་གི་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་སྔར་ལས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།
ཀྲུང་གོ་ཕྱོགས་ཀྱི་མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཁག་གི་ཚན་གཙོ་ཀྲའོ་ཁྲུང་ཏ་ཞའོ་ཡིས་བསྟན་དོན། ཐེངས་འདིའི་ཞི་བདེའི་མེ་འཁོར་གྱིས་སླར་ཡང་ཀྲུང་གོ་དང་ལའོ་ཝའོ་ཡི་ལྕགས་ལམ་བརྒྱུད་དུ་ཞི་བདེའི་ཡུལ་སྐོར་དང་མཛའ་བརྩེའི་ཡུལ་སྐོར། བདེ་ཐང་གི་ཡུལ་སྐོར་བཅས་བྱེད་འགོ་བརྩམས་པ་དེ་ནི། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་པ་དང་། དམག་དཔུང་གཉིས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས་དམག་དཔུང་གཉིས་ཀྱི་མཉམ་ལས་བརྗེ་རེས་སྔར་ལས་ཇེ་ཟབ་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བཤད།
ཕྱོགས་གཉིས་ཀྱི་བཀོད་འདོམས་པ་ཡིས་བསྟན་དོན། མཉམ་འབྲེལ་སྦྱོང་བརྡར་བྱས་པ་བརྒྱུད་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དམིགས་ཡུལ་འགྲུབ་པར་བྱས་ཏེ། དམག་དཔུང་གཉིས་ཀྱི་མཉམ་འབྲེལ་བཀོད་འདོམས་དང་མཉམ་འབྲེལ་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་ནས།“ཞི་བདེའི་མེ་འཁོར”སྨན་ཁང་དུ་སྤྱོད་པའི་རྣམ་པ་གསར་གཏོད་དང་རྒྱ་སྐྱེད་གཏོང་བའི་རེ་བ་ཡོད་ཟེར།
མཉམ་འབྲེལ་སྦྱོང་བརྡར་ཁྲོད་ཀྲུང་གོ་ཕྱོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ལིས་ཀྲན་པེའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།ཐེངས་འདིའི་མཉམ་འབྲེལ་སྦྱོར་བརྡར་དེ་ཟླ11པའི་ཟླ་སྨད་བར་རྒྱུན་མཐུད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དམག་མི700ཙམ་བཀོལ་སྤྱོད་བྱས་ཏེ།ས་ཡོམ་གནོད་འཚེའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་བརྗོད་གཞིར་བཟུང་ནས་སྤེལ་རྒྱུ་ཡིན་ཞིང་། དེ་ནི་མཉམ་བསྲེས་མཉམ་འབྲེལ་སྦྱོང་བརྡར་དང་། བརྒྱུད་རིམ་ཧྲིལ་པོའི་མཉམ་ལས་སྦྱོང་བརྡར། དམག་མི་དངོས་ཀྱི་སྦྱོང་བརྡར་བཅས་དུས་རིམ་གསུམ་དུ་དབྱེ་ཡོད། འཕྲོད་བསྟེན་མེ་འཁོར་དང་། ཐང་འཐབ་མྱུར་སྐྱོབ་རླངས་འཁོར། ཐང་འཐབ་གཤགས་བཅོས་རླངས་འཁོར། ཐང་འཐབ་སྨན་བཅོས་ལག་རྩལ་འགན་ལེན་རླངས་འཁོར།སྐྱོབ་བཅོས་ཐད་འཕུར་གནམ་གྲུ་སོགས་ཀྱི་སྒྲིག་ཆས་ལ་བརྟེན་ནས། མཉམ་འབྲེལ་གྱིས་རིམ་པ་གསུམ་པའི་སྐྱོབ་བཅོས་སྒྲིག་གཞི་འཛུགས་པ་དང་། རྨས་མ་འབོར་ཆེན་བསྡུ་བཅོས་དང་། འཕྲོད་བསྟེན་རིམས་འགོག་འགོག་སྲུང་། ནད་གཞི་ཚབས་ཆེན་ཕོག་པའི་རྨས་མ་སྐྱོབ་བཅོས། ཆེད་ལས་ཚན་ཁག་གི་གཤགས་བཅོས་སྨན་བཅོས།སེམས་ཁམས་ལ་འཕྲལ་སྡོམ་སོགས་ཆེད་ལས་རོགས་སྐྱོབ་སློབ་ཚན་གྱི་སྦྱོང་བརྡར་བྱ་རྒྱུ་ཡིན་ཟེར།
སྦྱོང་བརྡར་བྱེད་པའི་རིང་ལ་ཕྱོགས་གཉིས་ཀྱིས་ད་དུང་ལྟ་སྐོར་དང་། རིག་གནས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བརྗེ་རེས་བྱེད་སྒོ་བཀོད་སྒྲིག་བྱ་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།