《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པ(COP29)ཨ་སའེ་པེད་ཅིང་གི་རྒྱལ་ས་པ་ཁུའུ་རུ་བསྡུས།
ཚེས15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞིའི་དྲ་རྒྱའི་འགན་འཁུར་བ་ཨ་རིའི་ཁོ་ལོམ་པི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅེ་ཧྥུའུ་ལེ·ས་ཁི་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར།ཀྲུང་གོ་འདི་ཉིད་ནུས་རྒྱུ་གཞན་སྒྱུར་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མཁན་གལ་ཆེན་ཞིག་ཏུ་གྱུར་ནས།འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་མེད་དུ་མི་རུང་བའི་ནུས་པ་ལྡན་ཞེས་བཤད།
ས་ཁི་སི་ཉིན་དེར་གདན་ཞུས་ལྟར་འཛམ་གླིང་གི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱས་པའི“ནུས་རྒྱུ་གསར་པའི་བློས་འགེལ་ཆོག་པའི་ཚབ་བྱེད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་གནམ་གཤིས་བྱ་སྤྱོད་ཇེ་མགྱོགས་སུ་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཀྲུང་གོའི་ཟུར་ཚོགས།“‘རྒྱུད་གཅིག་ལམ་གཅིག’གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དང་ལྗང་མདོག་ཕྱི་ཕྱོགས་སྒོ་འབྱེད་གྱོད་དཔེ་དང་ལག་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་སོགས་ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་བྱས་པའི་བྱེད་སྒོ་མང་པོར་ཞུགས་ནས།ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཀྲུང་གོའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།
ས་ཁི་སི་ཡིས་བཤད་རྒྱུར།དཀའ་ཚེགས་ཆེ་ལ་དུས་ཡུན་རིང་པོའི་འབད་བརྩོན་བརྒྱུད། ཀྲུང་གོས་སྤྱིར་བཏང་མིན་པའི་ནུས་རྒྱུའི་ཕྱོགས་སྒྱུར་སྐྱེ་ཁམས་མ་ལག་བདེ་བླག་ངང་བཙུགས་ཡོད།འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོའི་ནུས་པ་ནི་མེད་དུ་མི་རུང་བ་ཞིག་རེད་ཟེར།ཁོས་ད་དུང་བཤད་རྒྱུར། ཀྲུང་གོས་ནུས་རྒྱུ་ཕྱོགས་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་ཉི་ནུས་སོགས་ལྗང་མདོག་ནུས་རྒྱུའི་ཐོན་ནུས་མང་དུ་གཏོང་བཞིན་ཡོད་པ་དེ་ནི།ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཟེར།
ས་ཁི་སི་ཡིས་དེ་དང་ཆབས་ཅིག་ཀྲུང་གོའི་ཐོན་སྐྱེད་ནུས་པ་ལས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་ནུས་རྒྱུ་གཞན་སྒྱུར་བྱེད་ཐུབ་པར་གྱུར་ཡོད།ཀྲུང་གོས་ཕྱི་ཕྱོགས་ཕྱིར་གཏོང་བྱེད་པའི་སྔོན་ཐོན་གྱི་ལྗང་མདོག་ནུས་རྒྱུའི་ལག་རྩལ་ལས་རྒྱལ་ཁབ་གཞན་དག་ལ་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ཡོད་ཟེར།
ས་ཁེ་སི་ཡིས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་སུ་འཛམ་གླིང་གི་རོགས་ཟླའི་འབྲེལ་བ་བཟང་པོ་འཛུགས་དགོས་པའི་གྲོས་གཞི་བཏོན་པ་དང་། ཁོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་གཏིང་ཟབ་ཏུ་གཏོང་བའི་བྱེད་སྟངས་ཤིག་ཡིན།གྲོས་འགོ་དེའི་ནང་རང་ངོས་ཀྱི་གསོན་ཤུགས་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།