ཧའེ་ཏིས་སྐབས་གསར་པའི་ནང་བློན་ཁང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།
2024.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས15ཉིན། ཧའེ་ཏི་གཞུང་ཕྱོགས་ཀྱིས་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་སྐབས་གསར་པའི་ནང་བློན་ཁང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

བཀའ་ཁྲིམས་དེར་ཧའེ་ཏིའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་ཨ་ལི་ཁེ་སི·ཏིས་ཏེས་ཨའེ·ཧྥེ་སི-ཨའེ་མའེ་ཡིས་མིང་རྟགས་བཀོད་པ་དང་།བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་རེད། བཀའ་ཁྲིམས་ལྟར་ན།སློབ་གསོ་པུའུ་ཀྲང་དང་ནང་སྲིད་པུའུ་ཀྲང་གི་འགན་ཁུར་མྱོང་བའི་པའོ་ལུའོ·ཨན་ཐུའོ་ཝན·པི་ཨན-ཨའེ་མེ་ཡིས་ནང་སྲིད་དང་རྒྱལ་ཁབ་ཀྱི་ས་ཁོངས་པུའུ་ཀྲང་གི་འགན་འཁུར་བ་དང་།ཕ་ཐེ་ལི་ཁེ·ཕེ་ལི་ཞི་ཡས་ཁྲིམས་འཛིན་དང་སྤྱི་པའི་བདེ་འཇགས་པུའུ་ཀྲང་གི་འགན་འཁུར་བ།རང་རང·པ་ཏི་སི་ཐེ་ཡིས་ཕྱི་འབྲེལ་དང་ཆོས་ལུགས་ལས་དོན་པུའུ་ཀྲང་གི་འགན་འཁུར་བ།ཨར་ཧྥུ་ལེ་ཏེ་·མེ་ཐེ་ལུའི་སིས་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་གྱི་ཡོད། བཀའ་ཁྲིམས་ཀྱིས་ད་དུང་སྡེ་ཁག་གཞན་དག་བཅུ་ལྷག་ཙམ་གྱི་འགན་འཁུར་པ་བསྐོ་གཞག་བྱས་ཡོད།

ཧའེ་ཏི་བར་བརྒལ་ཙུང་ཐུང་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན།ཧྥེ་སི-ཨེ་མེ་གསར་དུ་ཙུང་ལིར་བསྐོ་གཞག་བྱས་པ་དང་ཚེས11ཉིན།ཧྥེ་སི-ཨེ་མའེ་ཡིས་རྒྱལ་སའི་ཐའེ་ཙི་གྲུ་ཁར་འགན་བཞེས་དམ་བཅའ་བཞག ཧྥེ་སི-ཨེ་མའེ་ཡིས་ཚེས15ཉིན།ཙུང་ལིའི་ལས་ཤག་ཏུ་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་རྩོམ་ཡིག་ནང་བཤད་རྒྱུར།ཁོ་རང་རྒྱལ་ཁབ་ཀྱི་སྤྱི་པའི་སྒྲིག་ལམ་སླར་གསོ་བྱེད་པའི་ཐད་ཡིད་ཆེས་བརྟན་པོ་ཡོད་པ་དང་།རྒྱལ་ཡོངས་ལས་རིགས་སོ་སོས་མཐུན་སྒྲིལ་རྒྱུན་འཁྱོངས་བྱས་ནས་མཉམ་དུ་ཧའེ་ཏིའི་གཏུམ་སྤྱོད་བྱ་སྤྱོད་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཚེས15ཉིན།རྒྱལ་སྤྱིའི་གནས་སྤོས་ཡུལ་མི་རྩ་འཛུགས་ཀྱིས་བཤད་རྒྱུར།ཚེས11ཉིན་ནས་བཟུང་ཐའེ་ཙི་གྲུ་ཁའི་ཁྲོམ་གཞུང་མང་པོ་ཞིག་ཏུ་ཕྱོགས་ཁག་བར་གཏུམ་སྤྱོད་ཀྱི་གདོང་ཐུག་བྱུང་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།