ཚེས15ཉིན། དབྱི་ལིང་གི་ཆེས་མཐོའི་འགོ་ཁྲིད་ཧ་མའེ་ནེ་དབྱི་ཡི་བློ་འདོན་པ་ལ་ལིས་ཅ་ཉི་ཡིས་ལེ་པ་ནོན་དུ་འཚམས་འདྲི་བྱས་པ་དང་། ལེ་པ་ནོན་གྱི་ཙུང་ལི་མཱིས་ཁ་ཐིས་དང་། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པའེ་ལིས་དང་གྲོས་མོལ་བྱས། ལ་ལིས་ཅ་ཉི་ཡིས་བསྟན་དོན། ཁོས་ཐེངས་འདིར་འཚམས་འདྲི་བྱེད་དོན་ནི་དབྱི་ལིང་ཕྱོགས་ཀྱིས་ལེ་པ་ནོན་ལ་རྒྱབ་སྐྱོར་བྱེད་པའི་མཚོན་བྱེད་ཡིན་ཟེར།
ལ་ལིས་ཅ་ཉི་ཡིས་ཚེས15ཉིན་སྤེལ་བའི་གསར་འགོད་པའི་ཚོགས་ཐོག་ཏུ། ཁོས་ཐེངས་འདིར་ལེ་པ་ནོན་དུ་འཚམས་འདྲི་བྱས་པའི་དམིགས་ཡུལ་གཙོ་བོ་ནི། ལེ་པ་ནོན་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་མཚོན་ཆེད་ཡིན་ཞེས་བཤད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱི་ལེ་པ་ནོན་གྱི་དམག་འཁྲུག་མཚམས་འཇོག་པའི་སྐོར་གྱི་འཆར་ཟིན་འདྲི་སྐབས། ལ་ལིས་ཅ་ཉིས་ཡིས་དབྱི་ལིང་གིས་དམག་འཁྲུག་བཀག་འགོག་ལ་འབད་བརྩོན་བྱེད་པའི་ཐད་བར་ཆད་ཅི་ཡང་བཟོས་མེད་པར་མ་ཟད། གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་བཅངས་ཡོད། གནས་ཚུལ་ཇི་འདྲ་ཡིན་རུང་། ང་ཚོས་ལེ་པ་ནོན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
ལེ་པ་ནོན་གྱི་གསར་འགྱུར་མི་སྣས་བཤད་པ་ལྟར་ན། ཉིན་དེའི་སྔོན་ལ། ཨ་མེ་རི་ཁའི་ལེ་པ་ནོན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་སཱ་ཡུའེ་ཧན་ཞུན་གྱིས་པའེ་ལིས་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་དོན་འཆར་ཟིན་ཞིག་སྤྲད་པ་དང་། འཆར་ཟིན་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་རྨང་གཞིར་བཟུང་བ་ཞིག་ཡིན་ལ། ནང་དོན་ལ་ཚན་པ་བཅུ་གསུམ་ཡོད་ཅིང་། དེའི་ནང་དབྱི་སི་རལ་དང་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་ཉིན་དྲུག་ཅུའི་རིང་དམག་འཁྲུག་གནས་སྐབས་མཚམས་འཇོག་དགོས་པ་བཤད་ཡོད་ལ། སྐབས་དེར་ལེ་པ་ནོན་སྲིད་གཞུང་གིས་དམག་དཔུང་ལེ་པ་ནོན་ལྷོ་ཕྱོགས་མཐའ་མཚམས་སུ་བཀོད་སྒྲིག་བྱེད་དགོས་པར་བསྟན། ཀྲིན་ཀྲུའུ་ཏང་གིས་འཆར་ཟིན་དེའི་ནང་དོན་ཤེས་ཡོད་པ་དང་། ཞིབ་འཇུག་བྱས་རྗེས་པའེ་ལིས་ལ་ལྟ་ཚུལ་གསལ་བོར་བཤད་རྒྱུ་ཡིན་ཟེར།
ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར2006ལོའི་ཟླ7པར་གཞི་རྒྱ་ཆེ་བའི་འཐབ་འཁྲུག་བྱུང་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལོ་དེའི་ཟླ་བརྒྱད་པར་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྒྱུད་དེ། ལེ་པ་ནོན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འགལ་བ་མཚམས་འཇོག་པའི་བླང་བྱ་བཏོན་པ་རེད། དབྱི་སི་རལ་གྱིས་ཀྲིན་ཀྲུའུ་ཏང་གིས་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་གྲོས་འཆམ་བྱུང་རྗེས་ལེ་པ་ནོན་ལྷོ་ཕྱོགས་མཐའ་མཚམས་སུ་དྲག་ཆས་སྲུང་འཛིན་བྱས་པར་སྐྱོན་བརྗོད་བྱས་པ་དང་། ལེ་པ་ནོན་ཕྱོགས་ཀྱིས་ཀྱང་དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་ལེ་པ་ནོན་མངའ་ཁོངས་སུ་འཛུལ་བས། དབྱི་སི་རལ་གྱིས་ཀྱང་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལ་རྒྱབ་འགལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས།
ལེ་པ་ནོན་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས15ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མཱིས་ཁ་ཐིས་ཀྱིས་ལ་ལིས་ཅ་ཉི་དང་གྲོས་མོལ་བྱེད་སྐབས། ལི་པ་ནོན་གྱིས་འགལ་བ་མཇུག་སྒྲིལ་ནས་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་པའི་རེ་བ་བཅངས་ཡོད་ཟེར་ཞིང་། ལ་ལིས་ཅ་ཉིས་ཡིས། དབྱི་ལིང་གིས་ལེ་པ་ནོན་སྲིད་གཞུང་གི་ཐག་གཅོད་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་དེ། ལྷག་པར་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འབྲེལ་བ་ཡོད་པར་རྒྱབ་སྐྱོར་བྱེད་ཟེར།
ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་སྟེང་ཉེ་སྔོན་གསར་འགྱུར་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དམག་འཁྲུག་མཚམས་འཇོག་པ་དེ་ལེ་པ་ནོན་དུ་སྔོན་ལ་གྲོས་འཆམ་འབྱུང་བའི་ཚོད་ལྟ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཨ་མེ་རི་ཁ་སྤྱི་མཐུན་ཏང་སྲིད་གཞུང་གིས་ལས་འགན་གསར་བ་འཁུར་སྐབས་ཕྱི་འབྲེལ་ལེགས་སྐྱེས་ཤིག་སྤྲོད་འདོད་པ་རེད། དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་། དབྱི་སི་རལ་གྱི་བདེ་འཇགས་ནང་བློན་གྱི་ཁོངས་མི་ཨེ་ལིས་ཁི་ཧིན་གྱིས་ཚེས14ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཐེངས་འདིའི་འགལ་བ་མགོ་བརྩམས་ནས་བཟུང་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལེགས་འགྲུབ་འབྱུང་བར་དུས་སྐབས་གང་ལས་ཀྱང་རེ་སྒུག་བྱས་ཡོད་ཟེར།
དབྱི་སི་རལ་གྱིས་ཚེས15ཉིན་མུ་མཐུད་དུ་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐིའི་ལྷོ་ཕྱོགས་ས་ཁུལ་དུ་འཇབ་རྒོལ་བྱས། ལེ་པ་ནོན་འཕྲོད་བསྟེན་སྡེ་ཁག་གི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཚུན་དུ། ལེ་པ་ནོན་དང་དབྱི་སི་རལ་གྱི་འགལ་བ་ལས་ལེ་པ་ནོན་ཕྱོགས་ཀྱི་མི་སུམ་སྟོང་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་གཞི་གྲངས་ལྟར་ན། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱང་ཕྱོགས་དང་། དབྱི་སི་རལ་གྱིས་བདག་བཟུང་བྱས་པའི་ཀི་ལན་མཐོ་ས་དང་ལེ་པ་ནོན་ལྷོ་ཕྱོགས་ས་ཁུལ་ནས་བསྡོམས་པས་དབྱི་སི་རལ་གྱི་དམག་མི་དང་མི་སེར་བརྒྱ་ལྷག་རྐྱེན་ལམ་དུ་བཏང་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།