ས་དེའི་དུས་ཚོད་ཚེས15ཉིན། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་ཨ་སའེ་པེ་ཅང་གི་རྒྱལ་ས་པ་ཁུའུ་རུ་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ནུས་ཁུངས་བརྗོད་དོན་ཉིན་མོར་ཚབ་བྱེད་ཁུངས་ལྡན་གྱི་ནུས་ཁུངས་གསར་པས་འཛམ་གླིང་གི་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་ཐུབ་པའི་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་ནས། དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་ཇུས་གཞི་གསར་པ་ཞིག་འདོན་སྤྲོད་བྱས།
ཉིན་དེར། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དང་ཨ་སའེ་པེ་ཅང་ནུས་ཁུངས་པུའུ་སོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ནུས་ཁུངས་དང་། ཞི་བདེ། རོགས་སྐྱོབ་དང་སླར་གསོ་བཅས་ཀྱི་བརྗོད་དོན་ཉིན་མོར་ཚབ་བྱེད་ཁུངས་ལྡན་གྱི་ནུས་ཁུངས་གསར་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ནམ་ཟླའི་འགུལ་སྐྱོད་ཇེ་མགྱོགས་སུ་གཏོང་བའི་བརྗོད་དོན་བྱ་འགུལ་མཉམ་འབྲེལ་སྒོས་སྤེལ་བ་དང་། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་བརྗོད་དོན་བྱ་འགུལ་སྟེང་ཚབ་བྱེད་ཁུངས་ལྡན་གྱི་ནུས་ཁུངས་གསར་པས་འཛམ་གླིང་གི་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། འཛམ་གླིང་གི་ས་ཁུལ་མི་འདྲ་བའི་རང་བྱུང་ནུས་ཁུངས་དང་འཕེལ་རྒྱས་བར་ཁྱད་ལ་དམིགས་ནས། ཚབ་བྱེད་ཁུངས་ལྡན་གྱི་ནུས་ཁུངས་གསར་པ་དོན་འཁྱོལ་ཐུབ་པའི་དཔེ་མཚོན་དཔེ་གཞི་བརྒྱད་དང་གནད་འགག་ལག་རྩལ་དྲུག་བཏོན་ཞིང་། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་ཐཱན་སྙོམ་སྦྱོར་གྱི་ཇུས་གཞི་ལ་བརྟེན་ནས་ནུས་ཁུངས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཕ་རེ་སིའི་གྲོས་ཆོད་ཀྱི་དྲོད་གྲངས་ཚོད་འཛིན་དམིགས་འབེན་མངོན་འགྱུར་བྱེད་རྩིས་རེད།
འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ཚོགས་ཆེན་གྱི་ལས་འཛིན་དཔོན་ཞིན་པོ་ཨན་གྱིས་བྱ་འགུལ་སྟེང་བཤད་རྒྱུར། སླར་སྐྱེས་རུང་བའི་ནུས་ཁུངས་ལྡབ་འཕར་གྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་རང་བཞིན་གྱི་བཟོ་བསྐྲུན་ཞིག་དང་། ནུས་ཁུངས་གསར་སྤེལ་དང་། སྡེབ་སྒྲིག བེད་སྤྱོད་སོགས་ཀྱི་གོ་རིམ་སོ་སོར་འབྲེལ་ཡོད་པ་ཞིག་རེད། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བ་ནི་ཡོངས་འཚམ་རང་བཞིན་གྱི་ནུས་ཁུངས་ཚུལ་སྒྱུར་གྱི་མ་ལག་ཇུས་གཞི་ཞིག་ཡིན་པས། འདུ་ཤེས་དེའི་སྲོག་ཤིང་ནི་དག་གཙང་གཙོར་འཛིན་ཅིང་། གློག་ཤུགས་ལྟེ་བར་བྱེད་པ། མཉམ་འབྲེལ་མཉམ་འདྲེས་དང་། རིག་ལྡན་ཕན་མཐོ་བཅས་ཀྱི་དེང་རབས་ནུས་ཁུངས་ཀྱི་མ་ལག་ཅིག་ཡིན་པས། ནུས་ཁུངས་ཐོན་སྐྱེད་དག་གཙང་ཅན་དང་། འཛད་སྤྱོད་གློག་ཤུགས་ཅན། སྡེབ་སྒྲིག་ཁོངས་ཡངས་ཅན། ལས་རྣམ་གཞི་གྲངས་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཨན་ནོ་ཧྲིན་གྱིས་བསྟན་དོན། ནུས་ཁུངས་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཇེ་མགྱོགས་སུ་བཏང་སྟེ། ནུས་ཁུངས་མཉམ་འབྲེལ་མཉམ་འདྲེས་རྣམ་པས་འཛམ་གླིང་གི་དག་གཙང་ནུས་ཁུངས་ཕན་འབྲས་མཐོ་བའི་སྒོ་ནས་གསར་སྤེལ་བེད་སྤྱོད་ཐུབ་པ་མངོན་འགྱུར་བྱེད་པའི་འགག་གནད་དུ་གྱུར་པའི་ཆ་དེར་སྐུལ་འདེད་གཏོང་དགོས་ཟེར།
འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས2016བཙུགས་ཤིང་། དེ་ནི་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པའི་ནུས་ཁུངས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཐོག་མ་ཡིན་ལ། འཛམ་གླིང་ནུས་ཁུངས་ཀྱི་མཉམ་འབྲེལ་དྲ་བ་འཛུགས་པར་སྐུལ་འདེད་བཏང་ནས། དག་གཙང་དང་ལྗང་མདོག་གི་ཐབས་ལམ་བརྒྱུད་དེ་འཛམ་གླིང་གི་གློག་ཤུགས་དགོས་མཁོ་བསྐང་རྒྱུ་གཙོར་བཟུང་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།