ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)སྨྱན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས17ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དང་དབུས་རྒྱུད་ཀྱི་ས་ཆ་མང་པོར་འགས་གཏོར་བཏང་བ་ལས་མི96རྐྱེན་ལམ་དུ་ཤོར་ཡོད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་གྲོང་རྡལ་པའེ་ཐི་ལ་ཞི་ཡ་དང་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐི་ཡུལ་གྱར་བའི་སྒར་ས། པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སའི་ཁང་པ་མང་པོར་འགས་གཏོར་བཏང་བ་ལས་མི96རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི60ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད། མི15གར་སོང་ཆ་མེད་དུ་གྱུར་ཡོད་ཟེར། གསལ་བསྒྲགས་ལས་བཤད་རྒྱུར། འཇབ་རྒོལ་ཐེབས་སྐབས་ཁང་པའི་ནང་ཡུལ་གྱར་བྱེད་མཁན་ཡོད་པ་རེད་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱིས་གོང་གི་གསལ་བསྒྲགས་ལ་ལན་གང་ཡང་བྱིན་མེད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས16ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལིས་ཡེ་དང་། པའེ་ཐི་ལ་ཞི་ཡ། ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ལ་ཧྥ་ས་ཁུལ་བཅས་སུ་མུ་མཐུད་དུ་བྱ་སྤྱོད་སྤེལ་ནས་དྲག་ཆས་མི་སྣ་མང་པོ་བསད་པར་མ་ཟད་མཚོན་ཆ་འབོར་ཆེན་རྙེད་ཡོད་ཟེར།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བ་ལས་ཕ་ལེ་སི་ཐན་གྱི་མི་ཁྲི་བཞི་དང་སྟོང་གསུམ་ལྷག་ཤི་བ་དང་། མི་འབུམ་གཅིག་དང་སྟོང་གསུམ་ལ་རྨས་ཕོག་ཡོད།
ཤ་བོ་གསེར་མཚོས་བསྒྱུར།