ཚེས17ཉིན། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་ས་ལ་ཧོ་ཏིང་ཞིང་ཆེན་དུ་ཉིན་དེར་ལམ་འགྲམ་དུ་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི3ལ་རྨས་ཕོག་ཡོད་ཟེར།
ས་ལ་ཧོ་ཏིང་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་བཤད་རྒྱུར། དབྱི་རག་གི་དམག་ཕྱོགས་དང་ཁུའར་ཏེ་བས་དྲག་ཆས“ཁུའར་ཏེ་རང་དབང་གི་དཔའ་རྒོད་རྩ་འཛུགས”ཀྱི་ཁོངས་མི་ལས་གྲུབ་པའི་མཉམ་འབྲེལ་སྐོར་གཡེང་རུ་ཁག་ཅིག་ལ་ཉིན་དེར་ཞིང་ཆེན་དེའི་ཤར་རྒྱུད་ལམ་འགྲམ་ཞིག་ཏུ་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས། “ཁུའར་ཏེ་རང་དབང་གི་དཔའ་རྒོད་རྩ་འཛུགས”ཀྱི་ཁོངས་མི3རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དབྱི་རག་གི་དམག་མི3ལ་རྨས་ཕོག་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་འབར་གས་སྒྲིག་ཆས་དེ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་དྲག་ཆས་པས་སྔོན་ལ་བཞག་པར་ངོས་འཛིན་བྱས།
དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར། “དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ“དབྱི་སི་ལན”གྱི་སྟོབས་ཤུགས་ལྷག་མ་དེ་གཙོ་བོ་དབྱི་རག་གི་ཐག་རིང་གྲོང་གསེབ་ཁུལ་དུ་ཕར་འགྲོ་ཚུར་འོང་བྱས་ནས་འཇབ་རྒོལ་ཡང་ཡང་བྱེད་ཀྱི་ཡོད། དབྱི་རག་དམག་ཕྱོགས་ཀྱིས་ཉེ་ལམ“དབྱི་སི་ལན”གྱི་དྲག་ཆས་པར་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས། རྩ་འཛུགས་དེའི་དབྱི་རག་གི་འགོ་པ་ཅ་ཞིས་མུའུ·མ་ཙི་ལུའུ་དབྱི་དང་མཐོ་རིམ་ཁོངས་མི་མང་པོ་ཞིག་རྐྱེན་ལམ་དུ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།