དབྱི་སི་རལ་གྱིས་པེ་ལུའུ་ཐི་རུ་བར་སྣང་འཇབ་རྒོལ་བྱས་ཏེ་ཀྲིན་ཀྲུའུ་ཏང་སྨན་བྱད་ཀྱི་འགན་ཁུར་མི་སྣ་རྐྱེན་ལམ་དུ་བཏང་།
2024.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ལེ་པ་ནོན་གྱི་བརྙན་འཕྲིན་ཁང་གསར་པས་གསར་འགྱུར་སྤེལ་བ་ལྟར་ན། ཚེས17ཉིན་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐིའི་གྲོང་ཁྱེར་ལྟེ་གནས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ། ལེ་པ་ནོན་ཀྲིན་ཀྲུའུ་ཏང་སྨྱན་བྱད་ཀྱི་འགན་ཁར་མི་སྣ་མུའུ་ཧན་མོ་ཏི་ཨ་ཧྥེ་ཧྥུའུ་བཅས་པའི་མི་བཞི་རྐྱེན་ལམ་དུ་བཏང་ཟེར།

གསར་འགྱུས་ལས། འཇབ་རྒོལ་ཐེབས་ས་དེ་ནི་པེ་ལུའུ་ཐི་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་སི་རི་ཡའི་བསྐྱར་དར་ཏང་གི་ལེ་པ་ནོན་གྱི་གཞུང་སྒྲུབ་ཁྲུའུ་ཡིན་ལ། དབྱི་སི་རལ་གྱི་དམག་འཐབ་དམག་གྲུས་དམིགས་འབེན་འཛུགས་སྐྲུན་ཕྱོགས་སུ་བར་སྣང་ནས་ས་ཐོག་ཏུ་རྒོལ་བའི་འཕུར་མདེལ་གཉིས་འཕངས་པས། འཛུགས་སྐྲུན་དེའི་མང་ཆེ་ཤས་གཏོར་བརླགས་བཏང་ཡོད་ལ། རོགས་སྐྱོབ་རླངས་འཁོར་ས་ཁུལ་དེར་འགྲོ་བཞིན་ཡོད་ཅིང་། རོགས་སྐྱོབ་མི་སྣས་ཞིག་རོ་གཙང་སེལ་དང་གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

ལེ་པ་ནོན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་ཉིན་དེར་ད་དུང་པེ་ལུའུ་ཐིའི་ལྷོ་ཕྱོགས་མཐའ་མཚམས་སུ་འཇབ་རྒོལ་ཐེངས་ལྔ་བྱས་པ་རེད། བསྟུད་མར་ཉིན་འགའི་རིང་། དབྱི་སི་རལ་གྱིས་པེ་ལུའུ་ཐིའི་ལྷོ་ཕྱོགས་མཐའ་མཚམས་སུ་འཇབ་རྒོལ་བྱེད་པའི་ནུས་ཚད་ཇེ་ཆེར་བཏང་ནས། མི་སྣར་ཤི་རྨས་དང་འཛུགས་སྐྲུན་ལ་གཏོར་སྐྱོན་གཏོང་བཞིན་ཡོད།

དེ་ལས་གཞན། ལེ་པ་ནོན་དམག་ཕྱོགས་ཀྱི་གསར་འགྱུར་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས17ཉིན་དབྱི་སི་རལ་གྱིས་ལེ་པ་ནོན་ལྷོ་ཕྱོགས་ཀྱི་ཧཱ་སི་པེ་ཡཱ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཡོད་ཟེར།

ལེ་པ་ནོན་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས17ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཚུན་དུ། ལེ་པ་ནོན་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་བར་འགལ་བ་བྱུང་བ་ལས་ལེ་པ་ནོན་གྱི་མི་སུམ་སྟོང་བཞི་བརྒྱ་གྱ་གཅིག་རྐྱེན་ལམ་དུ་ཤོར་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།