སེ་ནེ་ཀལ་གྱིས་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་བྱ་འགུལ་སྤེལ། 
2024.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སེ་ནེ་ཀལ་གྱིས་ཚེས17ཉིན་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་འདེམས་ཤོག་འཕངས་ནས་གྲོས་མི165ལས་གྲུབ་པའི་རྒྱལ་དམངས་གྲོས་ཁང་སྐབས་གསར་པ་བདམས་ཐོན་བྱུང་། 

ཐེངས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་ཐོ་འགོད་འདེམས་དམངས་ས་ཡ་བདུན་དང་འབུམ་གསུམ་ལྷག་ཙམ་ཟིན་པ་དང་། སེ་ནེ་ཀལ་གྱིས་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་འདེམས་ཤོག་འཕེན་ས་སྟོང་བདུན་དང་ཞེ་བརྒྱད་བཙུགས་ཡོད་པ་རེད། འདེམས་ཤོག་འཕེན་པའི་དུས་ཚོད་ནི་ས་གནས་དེའི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད་8པ་ནས་ཕྱི་དྲོའི་ཆུ་ཚོད18བར་རེད། 

ཐེངས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམས་བསྐོའི་ནང་ཞུགས་མཁན་འོས་མི་ནི་རྒྱལ་ཡོངས་ཀྱི་སྲིད་ཏང་དང་། སྲིད་ཏང་མནའ་འབྲེལ། ཆབ་སྲིད་རྩ་འཛུགས་བཅས41ནས་ཡིན་པ་དང་། དེའི་ནང་སེ་ནེ་ཀལ་གྱི་ཙུང་ལི་ཨའོ་སི་མན·སུང་ཁི་ཡིས་འགོ་ཁྲིད་པའི་སེ་ནེ་ཀལ་གྱི་ལས་དོན་བརྩོན་ལེན་དང་། ཀུན་སྤྱོད་དང་བྱམས་སེམས་ཆེ་བའི་ཨ་ཧྥེ་རི་ཁའི་རྒྱལ་གཅེས་ཏང་། ཙུང་ཐུང་ཟུར་པ་ས་ལི་ཡིས་འགོ་ཁྲིད་པའི་ཐ་ཁུའུ་ཝ་ལུའུ་སེ་ནེ་ཀལ་མནའ་འབྲེལ་སོགས་ཚུད་ཡོད་པ་རེད། 

སེ་ནེ་ཀལ་གྲོས་ཁང་ནི་གྲོས་ཁང་གཅིག་ཅན་གྱི་ལམ་ལུགས་ཀྱི་གྲོས་ཁང་ཞིག་ཡིན་པ་དང་། སྐབས་རེ་རེའི་རྒྱལ་དམངས་གྲོས་ཁང་གི་གྲོས་མིའི་འགན་འཁུར་ཡུན་ལོ5ཡིན་པ་རེད། སྐབས་གོང་མའི་རྒྱལ་དམངས་གྲོས་ཁང་ནི2022ལོའི་ཟླ7པར་བདམས་ཐོན་བྱུང་བ་དང་། ད་ལོའི་ཟླ9པའི་ཚེས12ཉིན། ཙུང་ཐུང་ཧྥ་ཡེ་ཡིས་རྒྱལ་དམངས་གྲོས་ཁང་མེད་པར་བཟོ་རྒྱུ་ཁྱབ་བསྒྲགས་བྱས་ནས་ཟླ11པའི་ཚེས17ཉིན་རྒྱལ་དམངས་གྲོས་ཁང་སྐབས་གསར་པ་འདེམས་བསྐོ་བྱས་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།