རྒྱལ་ཁབ་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།
2024.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་སའེ་པེ་ཅང་གི་རྒྱལ་ས་པ་ཁུའུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དགུ་པའི་སྟེང་། ཨོ་ལིན་ཕིག་གི་དམག་འཁྲུག་མཚམས་འཇོག་པའི་བློ་བསྐྱེད་ཐོབ་པར་བརྟེན། རྒྱལ་ཁབ་བརྒྱ་དང་སུམ་ཅུ་ཙམ་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིའི་ཁྲོད་ཞུགས་པ་དང་། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྐབས་སུ་དམག་འཁྲུག་མཚམས་བཞག་ནས། མཐུན་སྒྲིལ་གྱི་རྣམ་པས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུའི་འབོད་སྐུལ་བཏང་།

ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་ཉེ་སྔོན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་དེ་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྐབས་ཀྱི་ཟླ་བཅུ་གཅིག་པའི་ནང་འཆར་འགོད་གཏན་འབེབས་བྱས་ཡོད།       གསལ་བསྒྲགས་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་དམག་འཁྲུག་མཚམས་འཇོག་པར་གྲོས་གཞིར་སྲོག་ཤིང་དམིགས་འབེན་གཉིས་ཡོད་དེ། དམག་དོན་འགུལ་སྐྱོད་ཇེ་ཉུང་དུ་བཏང་ནས་ཁོར་ཡུག་ཐད་ཀྱི་ཤུགས་རྐྱེན་སེལ་བ་དང་། མཐུན་སྒྲིལ་གཅིག་གྱུར་སྒོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གྲོས་གཞི་དེར་ཀྲུང་གོ་སོགས་རྒྱལ་ཁབ་བརྒྱ་དང་སུམ་ཅུ་ཙམ་ཞུགས་ཡོད་ལ།  གྲོས་གཞི་དེར་ད་དུང་རྒྱལ་སྤྱིའི་ལས་ཁུངས་དང་། སྒེར་གཉེར་ཁེ་ལས་ཀྱི་འཐུས་མི། དམངས་ཁྲོད་རྩ་འཛུགས། ཤུགས་རྐྱེན་ཟབ་པའི་སྤྱི་གྲགས་མི་སྣ་སོགས་མི་ཆིག་སྟོང་ལྷག་གི་རྒྱབ་སྐྱོར་ཐོབ་ཡོད།

གསལ་བསྒྲགས་ལས་བཤད་རྒྱུར། འཛམ་གླིང་གི་དམག་དོན་འགུལ་སྐྱོད་ལས་དྲོད་ཁང་གི་རླུང་གཟུགས་འབོར་ཆེན་ཕྱིར་གཏོང་བཞིན་ཡོད་ཅིང་། ཚོད་རྩིས་བྱས་ན་འཛམ་གླིང་གི་ལོ་གཅིག་གི་རླུང་གཟུགས་ཕྱིར་གཏོང་ཚད་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཟིན་ཡོད། གྲངས་ཀ་དེ་མཁའ་འགྲུལ་ལས་རིགས་དང་བར་སྣང་སྐྱེལ་འདྲེན་ལས་རིགས་ཀྱི་བསྡོམས་གྲངས་ལས་ཀྱང་མཐོ་བ་རེད། འགལ་བ་ལས་ཁོར་ཡུག་ལ་གཏོར་སྐྱོན་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པར་མ་ཟད། སྐྱེ་ཁམས་མ་ལག་ལ་གཏོར་བརླགས་བཟོ་བ་དང་། ས་རྒྱུ་དང་ཆུ། མཁའ་དབུགས་བཅས་སྦགས་བཙོག་བཟོས་ནས། ནམ་ཟླའི་ཉམས་ཉེན་ཇེ་སྡུག་ཏུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ལ་འབད་པ་བྱེད་པར་བཀག་རྐྱེན་ཐེབས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་གི་དམག་འཁྲུག་མཚམས་འཇོག་པའི་བསམ་ཚུལ་དེ་ཨོ་ལིན་ཕིག་གི་དམག་འཁྲུག་མཚམས་འཇོག་པ་ལས་བྱུང་ཞིང་། 1993ལོར། སྐབས་ཞེ་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལས་ཨོ་ལིན་ཕིག་གི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ཤིང་ཐོག་མར་གྲོས་འཆམ་བྱུང་། དེའི་རྗེས་སུ་སྐབས་རིམ་བྱུང་གི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་། དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཨོ་ལིན་ཕིག་གི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་སྤྲོད་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དགུ་པ་དེ་ཟླ11པའི་ཚེས11ཉིན་ནས་མགོ་བརྩམས་པ་དང་། འཆར་གཞི་ལྟར་ན་ཚེས22ཉིན་བར་འཚོག་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ཙམ་ནས་ཡོང་བའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་འཐུས་མི་དང་། ཚོང་དོན་སྡེ་ཡི་འགོ་ཁྲིད། ཚན་རིག་པ། ན་གཞོན་གྱི་འཐུས་མི། སྨྱན་བྱད་གསར་འགོད་པ། ཁེ་ཕན་དང་འབྲེལ་བ་ཡོད་མཁན་སོགས་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།