ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་ཧྥུའུ་ཚུང་གིས་ཚེས18ཉིན་བཤད་རྒྱུར། ཀྲུང་གོས་སུའུ་ཏན་གྱིས་མི་སེར་དཀྱུས་མིར་སྲུང་སྐྱོབ་བྱས་ཏེ་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་མངོན་འགྱུར་བྱས་ནས། གནས་བབ་ཞི་ལྷོད་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཧྥུའུ་ཚུང་གིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་གནད་དོན་གྱི་ཆོད་དོན་ལ་བརྡས་ཐག་བཅད་རྗེས་ཀྱི་གསལ་བཤད་རང་བཞིན་གྱི་གཏམ་བཤད་ཁྲོད་བཤད་རྒྱུར། སུའུ་ཏན་གྱི་འགལ་བ་ད་ལྟའི་བར་རྒྱུན་སྲིང་ནས་ཟླ་བ་བཅུ་དགུ་ལྷག་འགོར་བ་དང་། མི་སེར་རྒྱུན་མཐུད་ངང་དམག་འཁྲུག་ཁྲོད་ལུས་ཤིང་ཤི་རྨས་ཐེབས་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མི་ཆོས་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ནས་ཧ་ཅང་སེམས་ཁུར་ཆེ་བའི་གནས་སུ་ལྷུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་གྱིས་མི་སེར་དཀྱུས་མིར་སྲུང་སྐྱོབ་བྱས་ཏེ་དམག་འཁྲུག་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱས་ནས། གནས་བབ་ཞི་ལྷོད་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས། ཆོད་དོན་འཆར་ཟིན་ལ་འཐད་པ་ཡིན་པའི་འདེམ་ཤོག་འཕངས་བ་ཡིན་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ཀྲུང་གོས་སུའུ་ཏན་འགལ་བའི་ཕྱོགས་སོ་སོས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་བཟུང་སྟེ། དགྲར་འཛིན་བྱ་སྤྱོད་མཚམས་བཞག་ནས། སོ་ཏི་ཨ་རབ་ཀྱི་ཅི་ཏ་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁྲོད་ཀྱི་མི་སེར་ལ་སྲུང་སྐྱོབ་བྱེད་པ་སོགས་ཁས་ལེན་ཁག་སོ་སོ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་མ་མུའུ་ལཱ་ཡིས་ཧྥེ་གླིང་མནའ་འབྲེལ་སོགས་ས་ཁུལ་རྩ་འཛུགས་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཐུན་སྦྱོར་འདུམ་འགྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཧྥུའུ་ཚུང་གིས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱ་སྤྱོད་ཇི་འདྲ་ཞིག་སྤེལ་ཀྱང་། ངེས་པར་དུ་སུའུ་ཏན་གྱི་བདག་དབང་དང་། སྒེར་ཚུགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་། ངེས་པར་དུ་སུའུ་ཏན་སྲིད་གཞུང་སོགས་འབྲེལ་ཡོད་ཕྱོགས་དང་གྲོས་མོལ་གང་ལེགས་བྱེད་ངེས། ཕྱི་ཕྱོགས་ཀྱི་ཐག་གཅོད་ཇུས་གཞིས་གནས་བབ་སྔར་ལས་རྙོག་འཛིང་དུ་གཏོང་སྲིད་པས། དམག་འཁྲུག་མཚམས་འཇོག་པར་རོགས་ཅི་ཡང་བྱེད་མི་ཐུབ་ཅིང་། མི་སེར་ལ་སྲུང་སྐྱོབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཡང་ཕན་ཐོགས་ཅི་ཡང་མེད་ཅེས་ནན་བཤད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།