ཚེས18ཉིན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་བཤད་རྒྱུར། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་གྱི་དྲས་ཤུགས་འགལ་བ་མཇུག་སྒྲིལ་བར་ཕན་ཐོགས་ཡོད་པའི་ཇུས་གཞི་ཡོད་ཚད་ཐད་ནས་སྒོ་འབྱེད་རྣམ་པ་སྲུང་འཛིན་བྱས་ཡོད་ཟེར།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས18ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། པུའུ་ཨར་ཧན་གྱིས་ཉིན་དེར་སུའུ་ཏན་ཤར་ཕྱོགས་ཀྱི་གྲོང་ཁྱེར་སུའུ་ཏན་གྲུ་ཁ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་སུའུ་ཏན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཐཱང་མུའུ་ཕེ་ལིས་ལོ་དང་གྲོས་མོལ་བྱས་པ་དང། ཕྱོགས་གཉིས་ཀྱིས་སུའུ་ཏན་གྱི་དྲག་ཤུགས་འགལ་བ་ཇི་ལྟར་མཇུག་སྒྲིལ་བ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་པ། ཡང་བསྐྱར་ཆབ་སྲིད་གྲོས་རིམ་དུ་ལོག་པ་སོགས་གནས་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། པུའུ་ཨར་ཧན་གྱིས་གྲོས་མོལ་ཁྲོད་བསྟན་དོན། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་གྱི་དྲག་ཤུགས་འགལ་བ་མཇུག་སྒྲིལ་བར་ཕན་པའི་ཇུས་གཞི་ཡོད་ཚད་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཐད་སྒོ་འབྱེད་རྣམ་པ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས་སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་གིས་རང་རྒྱལ་ཁབ་བེད་སྤྱད་ནས་ཀྲ་ཏི་བར་གྱི་ཨ་ཏི་ལེ་མཐའ་མཚམས་འགག་སྒོ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་པ་དང་ལེན་མི་བྱེད་ཅེས་བསྐྱར་བསྒྲགས་བྱས།
2023ལོའི་ཟླ4ཚེས15ཉིན། སུའུ་ཏན་གྱི་རྒྱལ་ས་ཁ་ཐུའུ་མུའུ་རུ་སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་བར་དྲག་ཤུགས་འགལ་བ་བྱུང་བ་དང་། དམག་འཁྲུག་དེར་མཐུད་ས་ཁུལ་གཞན་པར་མཆེད་པ་རེད། ལོ་གཅིག་ལྷག་རིང་རྒྱུན་སྲིང་པའི་དྲག་ཆས་འགལ་བ་ལས་མི་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དྲུག་ལྷག་གིས་ཡུལ་གྱར་བྱེད་བཞིན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།