ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས19ཉིན་སྤྱི་བསྒྲགས་སྤེལ་ནས། ས་གནས་དེའི་དུས་ཚོད་ཚེས19ཉིན་གྱི་ནམ་གུང་དུས་ཚོད་གསུམ་དང་སྐར་མ་ཉེར་ལྔའི་སྟེང་། ཨུ་རུ་སིའི་པུའུ་ལེའང་སི་ཁི་མངའ་སྡེ་ལ་ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨ་མེ་རི་ཁའི་བཟོས་པའི་མེ་ཤུགས་འཕུར་མདེལ་དྲུག་བཏང་ནས་འཇབ་རྒོལ་བྱས་ཟེར། ཉིན་དེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས། སང་ལོར་ཝུའུ་ཁི་ལན་གྱིས་མེ་ཤུགས་འཕུར་མདེལ་ཉུང་མཐར་ཡང་སུམ་སྟོང་ཙམ་དང་རྒྱང་བསྟེན་མི་མེད་གནམ་གྲུ་ཁྲི་གསུམ་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ཁྱབ་བསྒྲགས་ལས། ངོས་འཛིན་བྱས་པ་བརྒྱུད། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བཀོད་སྤྱོད་བྱས་པ་ནི་ཨ་མེ་རི་ཁའི་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདེལ་མ་ལག་རེད། འཕུར་མདེལ་དྲུག་པོ་ཚང་མ་ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་བཀག་པ་དང་། འཕུར་མདེལ་གྱི་ཆག་རོ་པུའུ་ལེའང་སི་ཁི་མངའ་སྡེའི་དམག་དོན་ཁུལ་ཁོངས་ཤིག་ཏུ་ལྷུང་ཡོད་ཅིང་། དེ་ལས་བཟོས་པའི་མེ་སྐྱོན་འཕྲལ་མར་ཞི་འཇགས་སུ་བཏང་ཡོད་ཅེས་འཁོད་ཡོད། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་འཇབ་རྒོལ་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར།
དེ་ལས་གཞན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས19ཉིན། གསར་དུ་པར་སྐྲུན་བྱས་པའི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཉིང་རྡུལ་ཟིལ་ཤུགས་རྒྱལ་ཁབ་ཀྱི་གཞི་རྩའི་སྲིད་ཇུས་ཐད་ནས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིས་དུས་ནམ་ཡང་ཉིང་རྡུལ་མཚོན་ཆ་དེ་ཟིལ་ཤུགས་བྱེད་ཐབས་ཤིག་ཏུ་བརྩིས་ཡོད་ཅིང་། ཧ་ཅང་ཐལ་དྲགས་པ་དང་ཅི་བྱ་གཏོལ་མེད་དུ་གྱུར་བའི་གནས་ཚུལ་འོག་མ་གཏོགས་དེ་བཀོལ་སྤྱོད་བྱེད་མི་སྲིད་ཟེར།
ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། འགྲན་ཡས་ཤེས་དགོས་པ་ཞིག་ནི། ཨུ་རུ་སི་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བཙན་འཛུལ་ལ་གཡོལ་ཐབས་མེད་པའི་འཁོན་ལན་སློག་ངེས། དེ་ནི་ཉིང་རྡུལ་ཟིལ་ཤུགས་ཀྱི་དམིགས་ཡུལ་ཡིན། ཨུ་རུ་སིས་དུས་རྒྱུན་འགན་ཁུར་བའི་ལངས་ཕྱོགས་རྒྱུན་འཛིན་བྱས་ཡོད་ལ། ཉིང་རྡུལ་ཟིལ་ཤུགས་ཇེ་ཉུང་དུ་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་གཡོལ་ཆེད་འབད་འབུངས་བྱེད་བཞིན་ཡོད་ཟེར། ཁོས་ཉིང་རྡུལ་སྲིད་ཇུས་གསར་སྒྱུར་བྱས་པ་ནི་དགོས་ངེས་ཤིག་ཡིན་པ་དང་། སྲིད་ཇུས་ཀྱི་ནང་དོན་དེ་མིག་སྔར་གྱི་ཆབ་སྲིད་གནས་བབ་དང་འཚམ་པར་བྱས་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་སྐྱེལ་འཕྲིན་གཏོང་ཁང་གིས་ཚེས19ཉིན་གསར་འགྱུར་སྤེལ་བ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། 2025ལོར་ཝུའུ་ཁི་ལན་གྱིས་ཉུང་མཐར་ཡང་མེ་ཤུགས་འཕུར་མདེལ་སུམ་སྟོང་ཙམ་དང་རྒྱང་བསྟེན་མི་མེད་གནམ་གྲུ་ཁྲི་གསུམ་ཐོན་སྐྱེད་བྱེད་རྒྱུ་ཡིན། ཁོས་ཉིང་རྡུལ་མཚོན་ཆ་མེད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱིས་རྒྱུན་སྲོལ་གྱི་ཟིལ་ཤུགས་ཡོ་བྱད་འཚོལ་ཐུབ་ཅིང་། ཝུའུ་ཁི་ལན་ཕྱོགས་ཀྱིས་མཚོན་ཆ་ཐོན་སྐྱེད་བྱས་པར་བརྟེན་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྟན་པོ་འདོན་སྤྲོད་བྱ་ཐུབ་ཅེས་ནན་བཤད་བྱས།
ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས19ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཚེས18ཉིན་གྱི་ནམ་གུང་གི་དུས་སུ། ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ཀྱི་སུའུ་མཱེ་མངའ་སྡེའི་ཀི་ལུའུ་ཧོ་ཝའོ་ཡི་སློབ་གསོའི་ལས་ཁུངས་ཤིག་གི་མལ་ཁང་ཐོག་བརྩེགས་ཞིག་ལ་ཨུ་རི་སིའི་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པ་དང་། དེ་ལས་མི་བཅུ་གཅིག་རྐྱེན་ལམ་དུ་བཏང་ཞིང་། མི་བཅུ་གཅིག་ལ་རྨས་ཕོག་ཡོད་ལ། འཚོལ་སྐྱོབ་བྱ་བ་མུ་མཐུད་སྤེལ་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཚེས18ཉིན་གྱི་དགོང་མོ་ནས་ཚེས19ཉིན་གྱི་ཐོ་རེངས་བར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་དང་། ཨོ་ལེའོ་ཨར་མངའ་སྡེ། ཁི་ལིས་མཱིས་ཡཱ་སོགས་ས་ཁུལ་ནས་མི་མེད་གནམ་གྲུ་གྱ་བདུན་བཏང་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཚུར་རྒོལ་བྱས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།