ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་མཁན་ཐའོ་ཨར་ཝིན་ནེ་སི་ལན་གྱིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་ཤིང་། ཅོར་ཏན་གཙང་བོའི་ནུབ་འགྲམ་ཡང་རེ་ཆད་དང་དྲག་ཤུགས་རེས་འཁོར་གྱི་ཁྲོད་ལུས་ཡོད་ཞེས་བསྐྱར་བསྒྲགས་བྱས།
ཝིན་ནེ་སི་ལན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དབུས་ཤར་གནས་བབ་ཀྱི་གནས་ཚུལ་མདོར་བསྡུས་བཤད་སྐབས། ལོ་གཅིག་ལྷག་རིང་གི་འགལ་བ་བརྒྱུད་རྗེས། དབུས་ཤར་ས་ཁུལ་ཛ་དྲག་གི་བཞི་མདོ་རུ་གནས་ཡོད། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་དང་དབྱི་སི་རལ་གྱི་འགལ་བ་ཕྱི་ཕྱོགས་སུ་མཆེད་པ་ལས། དབྱི་སི་རལ་དང་ལེ་པ་ནོན་ཀྲིན་ཀྲུའུ་ཏང་བར་རྒྱུན་མཐུད་འགལ་བ་བྱུང་ཞིང་། ཡེ་མིན་སོགས་རྒྱལ་ཁབ་ཏུ་ཡང་དྲག་ཆས་སྟོབས་ཤུགས་ཀྱིས་ཕར་ཚུར་རྒོལ་བའི་གནས་ཚུལ་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་ལ། དབྱི་ལིང་བར་དང་མེ་ཤུགས་འཕུར་མདེལ་འཕེན་རེས་བྱེད་པའི་སྣང་ཚུལ་འབྱུང་བཞིན་ཡོད་ཟེར།
ཝིན་ནེ་སི་ལན་གྱིས་འདི་ནི་ལྟས་ངན་པ་ཞིག་སྟེ། འགལ་བ་ལས་བཟོས་པའི་རྨས་སྐྱོན་དང་སྡུལ་བསྔལ་ནི་བགྲང་གིས་མི་ལོངས་པ་ཞིག་ཡིན་ལ། དེས་མི་རབས་འགར་ཤུགས་རྐྱེན་ཐེབས་པར་མ་ཟད་ཐ་ན་ས་ཁུལ་གྱི་གནས་བབ་ལའང་འགྱུར་བ་གཏོང་སྲིད་ཟེར།
ཁོས་བཤད་རྒྱུར། དགུན་ཁ་སླེབས་ལ་ཉེ་བས། ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནོད་འཚེ་རང་བཞིན་གྱི་གནས་བབ་ཁྲོད་ལུས་ཡོད། ལྷག་པར་ཅ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་མི་རྣམས་ཕལ་ཆེར་འགྲོ་སའི་ཡུལ་མེད་པར་གྱུར་ཡོད། གནས་དེར་གཏོར་བརླགས་ཚབས་ཆེན་ཐེབས་པར་བརྟེན། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཤུལ་མེད་དུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཟླ་གྲོགས་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་འདོན་སྤྲོད་བྱས་ཀྱང་། རོགས་སྐྱོར་ལས་ཁུངས་ཀྱི་བྱ་འགུལ་ལ་མི་རྣམས་ཡིད་ཆེས་དཀའ་བའི་འགྲན་སློང་དང་ཉེན་ཁར་འཕྲད་བཞིན་ཡོད། གནས་བབ་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ཇེ་ལེགས་སུ་གཏོང་བའི་རེ་བ་ཧ་ཅང་ཉག་ཕྲ་བར་འདུག་ཟེར།
ཝིན་ནེ་སི་ལན་གྱིས་བཤད་རྒྱུར། བདག་བཟུང་བྱས་པའི་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་དྲགས་ཤུགས་རིམ་སྤོར་བྱས་ཏེ་རེ་ཆད་ཀྱིས་ཁེངས་ཡོད། དབྱི་སི་རལ་གྱིས་རྒྱུན་མཐུད་སྒོས་དམག་དོན་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་དང་ཕ་ལེ་སི་ཐན་གྱི་དྲག་ཤུགས་མི་སྣའི་བར་འཐབ་འཁྲུག་བྱེད་བཞིན་ཡོད། དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་རྒྱུན་ཆེད་མེད་པར་རྒྱ་བསྐྱེད་འཛུགས་སྐྲུན་བྱེད་ཅིང་། དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་དཔོན་མི་ཁ་ཤས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ཁྱུར་མིད་བཏང་ནས་ཅ་ཧྲ་ས་ཁུལ་དུ་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞེས་འཆལ་གཏམ་བསྒྲགས་བཞིན་ཡོད་ཟེར།
དེ་ལས་གཞན། ཉེ་ལམ་དབྱི་སི་རལ་གྲོས་ཁང་གིས་ཁྲིམས་དོན་གྲོས་གཞིར་གྲོས་འཆམ་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལེ་སི་ཐན་ཤར་མ་ས་ཁུལ་དང་ཉེ་བའི་ཡུལ་གྱར་བའི་རོགས་སྐྱོབ་དང་བཟོ་བསྐྲུན་ཁྲུའུ་བར་གྱི་འབྲེལ་ཐག་བཅད་པ་དང་། ལས་ཁུངས་དེས་དབྱི་སི་རལ་དང་ཡེ་ལུའུ་ས་ལེམ་ཤར་མ་རུ་འབྲེལ་ཡོད་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱས་པས། ཚུལ་དེས་ བདག་བཟུང་བྱས་པའི་ཕ་ལེ་སི་ཐན་གྱི་ས་ཆ་སྔར་ལས་རྙོག་འཛིང་དུ་གཏོང་སྲིད།
ཝིན་ནེ་སི་ལན་གྱིས་བཤད་རྒྱུར། གོང་གི་གནད་དོན་འདི་དག་ནི་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་བྱུང་བ་དང་། དེས་ཞི་བདེའི་འཕེལ་རིམ་དང་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་མངོན་འགྱུར་བྱ་རྒྱུའི་བར་ཐག་ཇེ་རིང་དུ་བཏང་ཡོད། དྲག་ཤུགས་འགོག་རྒོལ་དང་དམག་དོན་བྱེད་ཐབས་ཁོ་ནས་མི་རྣམས་ལ་བདེ་འཇགས་བསྐྲུན་མི་ནུས།
ཁོས་དམག་འཁྲུག་མྱུར་དུ་མཚམས་འཇོག་རྒྱུ་མ་ཟད་བཀག་འཇུག་བྱས་པའི་ཅ་ཧྲ་ས་ཁུལ་གྱི་དབྱི་སི་རལ་གྱི་མི་སྣ་ཕྱིར་ཡུལ་ལ་ལོག་ཏུ་འཇུག་པའི་འབོད་སྐུལ་བཏང་ཞིང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་རྩ་དོན་ཁ་ཤས་ཐག་གཅོད་དགོས་པ་བསྐྱར་སྒྲོག་བྱས་། དེའི་ཁྲོད་དུ་ཅ་ཧྲ་ས་ཁུལ་ངེས་པར་དུ་མ་འོངས་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་དགོས་ལ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་ཡུན་རིང་སྒོས་སྤེལ་མི་རུང་། ཅ་ཧྲ་ས་ཁུལ་དུ་གཏན་སྡོད་ཁུལ་བསྐྱར་འཛུགས་བྱེད་པའི་སྒྲོག་གཏམ་ཚང་མར་ངེས་པར་དུ་དགག་ལན་སྤྲོད་དགོས་པར་མ་ཟད་ངོ་རྒོལ་མཐའ་འཁྱོལ་བྱེད་དགོས་པ་སོགས་འདུས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།