ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པ་པའོ་ལེ་ལིས་ཀྱིས་ཡོབ་གླིང་ཕྱི་འབྲེལ་དཔོན་པོའི་་ཚོགས་འདུར་འགོ་འཛིན་བྱས་རྗེས་བསྟན་དོན། ཨ་མེ་རི་ཁ་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་ཨ་རིས་འདོན་སྤྲོད་བྱས་པའི་རྒྱང་འཕེན་མཚོན་ཆ་སྤྱད་དེ་ཨུ་རུ་སིའི་མངའ་ཁོངས་ཀྱི་སྤྱི་ལེ་སུམ་བརྒྱའི་ཚུན་གྱི་དམིགས་འབེན་ལ་རྒོལ་རྡུང་བྱ་ཆོག་པའི་ཆོག་མཆན་སྤྲད་ཟིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དཔོན་པོ་དག་གིས་དོན་དེར་བགྲོ་གླེང་བྱས་མོད་ལྟ་ཚུལ་གཅིག་མཐུན་མ་བྱུང་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་མང་པོས་ཚེས་བཅུ་བདུན་ཉིན་མིང་བཤད་མི་འདོད་པའི་ཨ་རིའི་དཔོན་རིགས་ཤིག་གིས་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཝུའུ་ཁི་ལན་དམག་དཔུང་གིས་ཨ་རིས་འདོན་སྤྲོད་བྱས་པའི་སྐམ་དམག་གི་འཕུར་མདའི་མ་ལག་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་རྒོལ་བར་ཆོག་མཆན་གནང་བ་རེད་ཟེར། ཨ་རིའི་སྨྱན་བྱད་ཀྱིས་བཤད་རྒྱུར། དེ་ནི་ཨ་རིས་ཐོག་དང་པོར་ཝུའུ་ཁི་ལན་གྱི་དམག་མིས་ཨ་རིས་བྱིན་པའི་འཕུར་མདའ་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ལ་རྒོལ་བར་ཆོག་མཆན་སྟེར་ཐེངས་དང་པོ་རེད་ལ། ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་ཐད་སྤྱོད་པའི་སྲིད་ཇུས་ལ་འགྱུར་ལྡོག་གལ་ཆེན་བྱུང་བ་མཚོན་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས་ཚེས་བཅོ་བརྒྱད་ཉིན་སྨྱན་བྱད་ལ་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རྒྱང་འཕེན་མཚོན་ཆས་ཨུ་རུ་སིའི་མངའ་ཁོངས་ལ་རྒོལ་བར་དབང་ཆ་བྱིན་པ་དེ་ནི་ཉེན་ཁ་ཆེ་བ་དང་གླེན་རྟགས་ཚ་བའི་བྱ་སྤྱོད་ཅིག་རེད་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་ལ་རྒྱང་འཕེན་མཚོན་ཆ་འདོན་སྤྲོད་བྱེད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ང་ཚོ་ཨུ་རུ་སིའི་ལངས་ཕྱོགས་ལ་རྒྱུས་ལོན་ཡོད་པ་རེད། ཁོ་ཚོས་ཉེན་ཁ་ཆེ་བ་དང་གླེན་རྟགས་ཚ་བའི་བྱ་སྤྱོད་དེ་འདྲར་བརྟེན་ནས་གནས་བབ་ཛ་དྲག་ཏུ་གཏོང་མིན་དེར་ང་ཚོས་ཡུན་གྱིས་བལྟས་ཆོག་ཟེར།
གཞན་ཡང་ཅི་ཧྥུའུ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཉིན་དེའི་ཞོགས་པར། ཝུའུ་ཁི་ལན་གྱི་དམག་མིས་ཐོག་དང་པོར་ཨ་མེ་རི་ཁས་བྱིན་པའི་སྐམ་དམག་འཐབ་རྩལ་འཕུར་མདའི་མ་ལག་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ཀྱི་དམག་དོན་སྒྲིག་ཆས་འགས་གཏོར་བཏང་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།