ཚེས20ཉིན། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྟེང་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པ་དང་འབྲེལ་བའི་ཆོད་དོན་འཆར་ཟིན་གྱི་བླང་བྱ་ཡང་བསྐྱར་ཁས་ལེན་མ་བྱས།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་རྒྱུན་ལས་ལས་འཛིན་མིན་པའི་རྒྱལ་ཁབ་བཅུ་ཡིས་བཏོན་པའི་ཆོད་དོན་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་། ཆོད་དོན་འཆར་ཟིན་དེའི་ནང་ཅ་ཧྲ་ས་ཁུལ་དུ་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་། བཀག་འཇུག་བྱས་པའི་མི་སྣ་ཡོད་ཚད་མྱུར་དུ་ཕྱིར་གཏོང་བའི་བླང་བྱ་བཏོན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་ཁྲོད་བཅུ་བཞི་ཡིས་ཡིད་འཐད་འདེམ་ཤོག་འཕངས་པ་དང་། རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཨ་མེ་རི་ཁས་དེ་ཁས་ལེན་མ་བྱས་པས། ཆོད་དོན་འཆར་ཟིན་དེར་གྲོས་འཆམ་མ་བྱུང་།
ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྟེང་བརྡས་གཅོད་བྱས་རྗེས་ཀྱི་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་ཁྲོད། ཀྲུང་གོ་ཕྱོགས་བརྡས་གཅོད་མཇུག་འབྲས་ལ་ཧ་ཅང་ཡི་ཆད་བྱུང་བའི་ཚུལ་བསྟན་པ་དང་། ཨར་ཅི་རི་ཡ་སོགས་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་བཅུ་ཡིས་ཆོད་དོན་འཆར་ཟིན་ལ་གྲོས་མོལ་བྱེད་པའི་བརྒྱུད་རིམ་ཁྲོད་ལྷག་སེམས་ཆེན་མོ་དང་འཛུགས་སྐྲུན་རང་བཞིན་གྱི་ཆ་ཡོངས་སུ་མངོན་པར་བྱས་ཡོད། ཨ་མེ་རི་ཁ་གཅིག་པུས་ཁས་ལེན་མི་བྱེད་པའི་དབང་ཆ་བཀོལ་ཏེ། ཅ་ཧྲའི་མང་ཚོགས་ཀྱི་ཉག་ཕྲ་བའི་ཐར་ལམ་རྩ་མེད་དུ་བཏང་ནས། མུན་ནག་དང་རེ་ཐག་ཆད་པའི་གནས་བབ་ཇེ་སྡུག་ཏུ་བཏང་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ཨ་མེ་རི་ཁས་ཡང་དང་བསྐྱར་དུ་ཁས་ལེན་མ་བྱས་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལོ་རྒྱུས་སྟེང་གི་ཆེས་དམའ་བའི་གནས་སུ་བསྐྱལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་འཁྲིར་བལྟ་སྟངས་ཡང་དག་འཛིན་པ་དང་། ཐལ་སྤྱོད་ཕྱི་སྣུར་མི་བྱེད་པར་ལོ་རྒྱུས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམག་འཁྲུག་མྱུར་དུ་མཚམས་འཇོག་པ་དང་། ཚེ་སྲོག་སྐྱོབ་པ། ཞི་བདེ་སླར་གསོ་བྱེད་ཆེད་སྤེལ་བའི་དགོས་ངེས་ཀྱི་བྱ་སྤྱོད་ཡོད་ཚད་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།
ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འགལ་བ་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཕ་ལེ་སི་ཐན་གྱི་མི་ཁྲི་བཞི་རྐྱེན་ལམ་དུ་ཤོར་ཡོད། རྒྱལ་སྤྱིའི་སྤྱིའི་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མྱུར་དུ་མཚམས་འཇོག་པའི་རྟིང་སློག་རང་བཞིན་གྱི་འབོད་བརྡ་གཏོང་བའི་བླང་བྱ་བཏོན་ཀྱང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་ཆོད་དོན་འཆར་ཟིན་ལ་ཐེངས་མང་པོར་ཨ་མེ་རི་ཁའི་བཀག་འགོག་ཐེབས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།