ཨུ་རུ་སིས་བྱང་ཆིངས་རྒྱལ་ཁབ་ཨུ་རུ་སིའི་མངའ་ཁོངས་སུ་རྒོལ་རྡུང་བྱེད་པའི་ཁྲོད་ཞུགས་ན་རང་དགར་བསྐྱུར་མི་སྲིད་ཅེས་བཤད་པ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཝུའུ་ཁི་ལན་ལ་མི་སྣར་ཤི་རྨས་བཟོ་བའི་ས་འོག་འབར་མདེལ་འདོན་སྤྲོད་བྱེད་པའི་དབང་ཆ་བྱིན།
2024.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས20ཉིན། ཨུ་རུ་སིའི་ཕྱི་ཕྱོགས་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ན་ལེ་ཧྲི་ཅིན་གྱིས་ཨུ་རུ་སིས་བྱང་ཆིངས་རྒྱལ་ཁབ་ཨུ་རུ་སིར་རྒོལ་རྡུང་དྲག་པོ་གཏོང་བའི་ཁྲོད་ཞུགས་ན་རང་དགར་བསྐྱུར་མི་སྲིད་ཅེས་བཤད་པ་དང་། ཚེས19ཉིན་ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་སྟེང་བཀོད་པའི་གསར་འགྱུར་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཝུའུ་ཁི་ལན་ལ་མི་སྣར་ཤི་རྨས་བཟོ་བའི་ས་འོག་འབར་མདེལ་འདོན་སྤྲོད་བྱེད་པའི་ཆོག་མཆན་བཀོད་འདུག

ན་ལེ་ཧྲི་ཅིན་གྱིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ཕྱོགས་ཀྱི་གཟབ་ནན་རང་བཞིན་གྱི་ལངས་ཕྱོགས་དང་། རང་ཕྱོགས་ཚོད་འཛིན་བྱེད་པའི་དགོས་ངེས་རང་བཞིན་ཤེས་ཚོར་བྱུང་ཡོད། དེའི་རྒྱུ་མཚན་ནི་ཨུ་རུ་སི་དང་ཐད་ཀར་དུ་དམག་དོན་འགལ་བ་བྱུང་ན་ཁོ་ཚོར་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་ཐེབས་སྲིད་པས་རེད་ཅེས་བཤད།

ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་སྟེང་ཨ་མེ་རི་ཁའི་དཔོན་རིགས་ཀྱི་སྐད་ཆ་དྲངས་པ་ལྟར་ན། པའེ་ཏིན་གྱིས་ཝུའུ་ཁི་ལན་ལ་མི་སྣར་ཤི་རྨས་བཟོ་བའི་ས་འོག་འབར་མདེལ་འདོན་སྤྲོད་བྱེད་པའི་དབང་ཆ་བྱིན་པ་དང་དེ་ཝུའུ་ཁི་ལན་མངའ་ཁོངས་ཁོ་ན་ནས་བཀོལ་སྤྱོད་བྱེད་པའི་ཚོད་བཀག་ཐེབས་ཡོད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས20ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་། ཨུ་རུ་སིའི་མཁའ་འགྲུལ་དམག་དཔུང་དང་། མི་མེད་གནམ་གྲུ། མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་དམག་དཔུང་བཅས་ཀྱིས་ཝུའུ་ཁི་ལན་གྱི་དམག་བཀོལ་གནམ་གྲུ་ཐང་དང་། དམག་དོན་ཁེ་ལས་ཀྱིས་བཀོལ་སྤྱོད་བྱེད་པའི་ནུས་ཁུངས་སྒྲིག་ཆས། མི་མེད་གནམ་གྲུའི་མཛོད་ཁང་། མཚོན་ཆའི་མཛོད་ཁང་སོགས་ལ་རྡུང་རྡེག་བཏང་། ཨུ་རུ་སིའི་དམག་དཔུང་གིས་ད་དུང་ཧྥ་རན་སིའི་བཟོས་པའི་ལྕགས་ཀྱི་ཐོ་བ་རྟགས་ཅན་གྱི་འབར་མདེལ་བཞི་དང་། ཨ་མེ་རི་ཁས་བཟོས་པའི་ཧའེ་མཱ་སི་རྟགས་ཅན་གྱི་ཁུང་མང་མེ་སྒྱོགས་གཅིག གཤོག་བརྟན་མི་མེད་གནམ་གྲུ་བརྒྱ་དང་ཞེ་གཅིག་བཅས་གཏོར་བརླགས་བཏང་བར་མ་ཟད། ཨུ་རུ་སིའི་མངའ་སྡེ་དགུའི་མཁའ་དབྱིངས་སུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་ཞེ་བཞི་སར་ལྷུང་དུ་བཅུག

ཚེས20ཉིན་ཨ་མེ་རི་ཁའི་ཝུའུ་ཁི་ལན་དུ་སྡོད་པའི་གཞུང་ཚབ་ཁང་གི་དཔོན་ཕྱོགས་དྲ་བའི་སྟེང་བདེ་འཇགས་སྔོན་བརྡ་ཁྱབ་བསྒྲགས་བྱས་ཏེ། ཝུའུ་ཁི་ལན་དུ་ཚེས20ཉིན་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་ཐེབས་སྲིད་པས། གཞུང་ཚབ་ཁང་གི་སྒོ་སྲིད་ཟེར། གཞན་ཝུའུ་ཁི་ལན་གྱི་བདེན་དོན་ཚགས་པར་སྟེང་གསར་འགྱུར་བཀོད་པ་ལྟར་ན། སི་ཕན་དང་དབྱི་ཐ་ལིའི་ཝུའུ་ཁི་ལན་དུ་སྡོད་པའི་གཞུང་ཚབ་ཁང་ཡང་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་གྱི་ཉེན་ཁ་ཡོད་པར་བརྟེན་ཉིན་དེར་སྒོ་རྒྱག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཚེས20ཉིན། ཝུའུ་ཁི་ལན་ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་པོ་ཕུའུ་ཁི་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་། ཅི་ཧྥུའུ་གྲོང་ཁྱེར་ནས་བདེ་འཇགས་འཁྲབ་སྦྱོང་བྱས་ཏེ། རྒྱལ་སའི་འགོག་སྲུང་ལས་ཁུངས་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པའི་གནས་ཚུལ་འོག་དོ་དམ་དང་། རྩ་འཛུགས། མཐུན་སྦྱོར། དམག་འཐབ་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བཤད་པ་དང་། ཅི་ཧྥུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུའུ་དང་། ཉེན་རྟོག་ལས་ཁུངས། བདེ་འཇགས་ལས་ཁུངས་གཞན་པ་བཅས་ཀྱིས་ཝུའུ་ཁི་ལན་གྱི་སྐམ་དམག་དང་ཅི་ཧྥུའུ་གྲོང་ཁྱེར་གྱི་རྒྱལ་སྲུང་སྡེ་ཁག་དང་གཞོགས་འདེགས་བྱས་ནས་མ་ལག་རང་བཞིན་གྱི་འཁྲབ་སྦྱོང་བྱེད་རྒྱུ་ཡིན་ཟེར།

ཚེས19ཉིན་ཝུའུ་ཁི་ལན་ནོར་སྲིད་པུའུ་ཡི་དཔོན་ཕྱོགས་དྲ་བའི་སྟེང་བཀོད་པའི་གསར་འགྱུར་ལྟར་ན། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་ཉིན་དེར2025ལོའི་སྔོན་རྩིས་ཇུས་གཞིར་གྲོས་འཆམ་བྱུང་སྟེ། 2025ལོར་ཝུའུ་ཁི་ལན་གྱི་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་སྔོན་རྩིས་གཏོང་སྤྲོད་ཨ་སྒོར་ཐེར་ཆེན་ལྔ་ཐེར་འབུམ་བཞི་གཏན་འབེབས་བྱས་ཤིང་། དེས་སྔོན་རྩིས་གཏོང་སྤྲོད་ཀྱི་སྤྱིའི་མ་དངུལ་ཁྲོད་ཀྱི་བརྒྱ་ཆའི་རེ་གཉིས་ཟིན་ཡོད་ལ། རྒྱལ་ནང་གི་ཐོན་སྐྱེད་སྤྱི་གྲངས་ལས་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་གསུམ་ཟིན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།