སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་སི་རི་ཡའི་དབུས་རྒྱུད་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་པཱ་ཨེར་མུས་ལཱ་གྲོང་ཁྱེར་གྱི་ཁང་བ་མང་པོར་བར་སྣང་འཇབ་རྒོལ་བྱས་ནས། མི་སོ་དྲུག་རྐྱེན་ལམ་དུ་བཏང་བ་དང་། མི་ལྔ་བཅུ་རྨས་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། དབྱི་སི་རལ་གྱིས་སི་རི་ཡའི་ཐན་ཧྥུའུ་ཕྱོགས་ནས་པཱ་ཨེར་མུས་ལཱ་གྲོང་ཁྱེར་གྱི་ཁང་བར་བར་སྣང་འཇབ་རྒོལ་བྱས་པས། འཇབ་རྒོལ་ཐེབས་ས་དང་དེའི་མཐའ་འཁོར་གྱི་ཁང་བར་ཆག་སྐྱོན་ཆེན་པོ་ཕོག་ཟེར།
པཱ་ཨེར་མུས་ལཱ་གྲོང་ཁྱེར་གྱི་གྲོང་མིས་ཞིན་ཧྭ་གསར་འགྱུར་གསར་འགྱུར་ཁང་གི་གསར་འགོད་པར་འདོན་སྤྲོད་བྱས་པའི་འདྲ་པར་ལས་མངོན་པར་ལྟར་ན། ཁང་བ་མང་པོར་ཆག་སྐྱོན་ཆེན་པོ་ཐེབས་པ་དང་། འགས་གཏོར་བྱུང་ས་དེ་པཱ་ཨེར་མུས་ལཱའི་གནའ་མཁར་དང་ཐག་ཉེ་ཟེར།
2011ལོར་སི་རི་ཡའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཐེངས་མང་པོར་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་བྱེད་པར་ཁ་གཡར་ནས། སི་རི་ཡའི་མངའ་ཁོངས་ས་ཆ་ལ་ཐེངས་མང་པོར་བར་སྣང་འཇབ་རྒོལ་བྱས། སི་རི་ཡ་དང་དབྱི་ལང་གི་སྲིད་གཞུང་གིས་སི་རི་ཡ་རུ་དབྱི་ལང་གི་བཅའ་སྡོད་དམག་ཡོད་པ་ཁས་ལེན་མ་བྱས། ན་ནིང་གི་ཟླ་བཅུ་པའི་ནང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་གསར་བའི་འཁྲུག་རྩོད་བྱུང་རྗེས། དབྱི་སི་རལ་གྱིས་སི་རི་ཡའི་མངའ་ཁོངས་ནང་གི་དམིགས་འབེན་ལ་འཇབ་རྒོལ་བྱེད་ཚད་སྔར་ལས་ཇེ་མང་དུ་སོང་།
རིན་ཆེན་མཚོས་བསྒྱུར།