ཀུའུ་ཐི་ལའེ་སི་ཡིས་པ་ཁུའུ་ནམ་ཟླའི་ཚོགས་ཆེན་དེ་གདོང་མཆོང་དུས་རིམ་དུ་ཞུགས་ཡོད་པས་ཕམ་ཉེས་བྱུང་མི་རུང་ཞེས་ནན་གྱིས་བསྟན།
2024.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་སའེ་པེ་ཅང་གི་རྒྱལ་ས་པ་ཁུའུ་རུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པའི་གྲོས་མོལ་མཇུག་མཐའི་གདོང་མཆོང་དུས་རིམ་དུ་ཞུགས་ཡོད་ཀྱང་། ཕྱོགས་སོ་སོར་སྲོག་ཤིང་གྲོས་གཞིའི་ཐད་སྔར་བཞིན་འགལ་བ་གནས་ཡོད་པས། ཚེས21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཕམ་ཉེས་གདམ་ཀ་བྱེད་མི་རུང་ཞེས་ནན་བཤད་བྱས།

ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་ས་གནས་དེའི་དུས་ཚོད་ཚེས21ཉིན་གྱི་ནམ་གུང་ནམ་ཟླའི་མ་དངུལ་བསྡུ་སྒྲིལ་ཐུན་མོང་གྲངས་ཚད་ཀྱི་དམིགས་འབེན་གསར་བ་སོགས་གནད་འགག་གྲོས་གཞིའི་པར་གཞི་དང་པོའི་བསམ་ཚུལ་ཇུས་གཞི་སྐོར་ཞིག་ཁྱབ་བསྒྲགས་བྱས། ནམ་ཟླའི་མ་དངུལ་བསྡུ་སྒྲིལ་ཐུན་མོང་གྲངས་ཚད་ཀྱི་སྲོག་ཤིང་གྲོས་གཞིའི་སྟེང་། བསམ་ཚུལ་ཇུས་གཞིའི་ཁྲོད་གྲངས་ཀ་གསལ་བོར་འདོན་ཐབས་མེད་ཀྱང་། 2025ལོའི་ནས་2035ལོའི་བར་དུ་ལོ་རེར་ཨ་སྒོར་ཁྲག་ཁྲིག་ཆེན་མོའི་གྲངས་ཀྱིས་རྩིས་ཡོད། སྲོག་ཤིང་ནང་དོན་མང་པོའི་སྟེང་ནས་འཕེལ་རྒྱས་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་སྔར་བཞིན་འགལ་བ་གནས་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་བ་ལས། བསམ་ཚུལ་ཇུས་གཞི་དེ་ནི་མཇུག་མཐའི་པར་གཞི་མིན་ལ། ཐེངས་རྗེས་མར་ངོས་འཛིན་གཅིག་མཐུན་བྱུང་བའི་ཇུས་གཞི་འདུ་སྲིད་ཅིང་དེ་ཅུང་དལ་བའི་སྒོ་ནས་ཁྱབ་བསྒྲགས་བྱེད་ཅེས་བསྟན་ཡོད།

ཚེས21ཉིན། ཀུའུ་ཐི་ལའེ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པའི་གྲོས་མོལ་མཇུག་མཐའི་འགག་རིམ་དུ་སླེབས་པས། ཐུན་མོང་འདུ་ཤེས་ཇེ་གསལ་དུ་འགྲོ་བཞིན་ཡོད་ཀྱང་། འགལ་བ་སྔར་བཞིན་གནས་ཡོད་པས། ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ན་ད་གཟོད་བདེ་ལེགས་ངང་གྲོས་སྡུར་ལེགས་འགྲུབ་འབྱུང་ཐུབ་ཞེས་བཤད་པ་དང་། ཁོས་ངེས་པར་དུ་ནམ་ཟླའི་མ་དངུལ་བསྡུ་སྒྲིལ་གྱི་དམིགས་འབེན་གསར་བར་འདུ་ཤེས་གཅིག་མཐུན་བྱུང་ནས། མ་དངུལ་འཕར་སྣོན་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ་བ་བསྐྱར་བསྒྲགས་བྱས།

ཀུའུ་ཐི་ལའེ་སི་ཡིས་ཕམ་ཉེས་གདམ་ཀ་ཞིག་ཏུ་བརྩི་མི་རུང་ཞེས་བཤད་པ་དང་། དེའི་རྒྱུ་མཚན་ནི་དེ་ལས་ཉེ་ལམ་གྱི་ནམ་ཟླའི་འགུལ་སྐྱོད་ལ་ཉེན་ཁ་བཟོ་སྲིད་ཅིང་། རྒྱལ་ཁབ་ནམ་ཟླའི་འགུལ་སྐྱོད་ཀྱི་འཆར་གཞི་གསར་བ་གཏན་འབེབས་བྱེད་པར་བར་ཆད་གཏོང་སྲིད་ཟེར། ཁོས་ཆབ་སྲིད་འགལ་བ་དང་ངེས་གཏན་མིན་པའི་ཁྲོད་དུ། འཛམ་གླིང་ལ་རྒྱལ་ཁབ་སོ་སོའི་མཐུན་སྒྲིལ་མཁོ་བ་དང་། ཕྱོགས་སོ་སོས་སྤྱི་ཡོངས་ལ་ཁ་ཕྱོགས་པའི་འབོད་སྐུལ་བཏང་ནས། འགལ་བའི་ཁྲོད་དུ་ཐབས་ལམ་ཞིག་རྙེད་དགོས་ཞེས་ནན་བཤད་བྱས།

ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལས་དོན་གྱི་ཆེད་མངགས་ཕོ་ཉ་ལིའུ་ཀྲིན་མེན་གྱིས་ཚོགས་ཆེན་སྐབས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ནམ་ཟླའི་མ་དངུལ་གྲོས་མོལ་གྱི་འདུ་ཤེས་གཅིག་མཐུན་འབྱུང་བའི་གནད་འགག་ནི་འཕེལ་རྒྱས་རྒྱལ་ཁབ་ཀྱིས་ཕ་རེ་སིའི་གྲོས་ཆོད་ཀྱི་དོན་ཚད་དགུ་པའི་བླང་བྱ་ལྟར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་ཁས་ལེན་བྱས་ཏེ། ཁས་ལེན་གྱི་གྲངས་ཀ་ལྟར་ལེགས་འགྲུབ་འབྱུང་རྒྱུ་དེ་ཡིན་ཞེས་བསྟན་པ་དང་། རྒྱལ་ཁབ་སོ་སོས་མ་དངུལ་སོགས་འདུ་བའི་གནད་འགག་གྲོས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པའི་སྟེང་གྲོས་མཐུན་འབྱུང་དགོས་ན། ཐེངས་འདིའི་ཚོགས་ཆེན་གྱི་རྒྱལ་ཕམ་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ཕ་རེ་སིའི་གྲོས་ཆོད་འོག་གི་ཕྱོགས་མང་མཉམ་ལས་ཀྱི་འཕེལ་རིམ་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་སྲིད་པར་རིམ་བཞིན་ངོས་ཤེས་ཡོད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།