དབྱི་རག་གི་ཙུང་ལི་ཡིས་ཨུ་རུ་སིའི་ཙུང་ཐུང་ལ་ཁ་པར་བཏང་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་བྱས།
2024.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ11པའི་ཚེས21ཉིན། དབྱི་རག་གི་ཙུང་ལི་སུའུ་ཏ་ནི་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་ཀྱི་གནད་དོན་ཐད་ནས་གྲོས་བསྡུར་བྱས།

དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕྱོགས་གཉིས་ཀས་ཁ་པར་གྱི་ལམ་ནས་གླེང་མོལ་བྱེད་སྐབས། དབུས་ཤར་ས་ཁུལ་གྱི་མུ་ནས་མུར་འགྱུར་ལྡོག་འགྲོ་བཞིན་པའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་ཆེན་པོས་འབད་བརྩོན་སྔར་ལས་གང་ལེགས་བྱས་ཏེ། ས་ཁུལ་དེའི་འཁྲུག་རྩོད་མཚམས་འཇོག་བྱེད་དགོས་པ་དང་། འཁྲུག་རྩོད་སྔར་ལས་ཆེ་རུ་མི་འགྲོ་བ་བྱེད་དགོས་ཟེར།

གསལ་སྒྲོག་ནང་ཕྱོགས་གཉིས་ཀས་ད་དུང་ནུས་ཁུངས་ཁྱབ་ཁོངས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱས་ནས། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་སོགས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚང་མས་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།