ཕུའུ་ཅིང་གིས་ཨུ་རུ་སིས་ཞི་བའི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅིང་དུས་མཚུངས་སུ་མིག་སྔའི་གནས་བབ་ཀྱི་འཕེལ་རྒྱས་གང་རུང་ལ་ཆེད་དུ་དམིགས་ཏེ་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
2024.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ11པའི་ཚེས21ཉིན་གྱི་དགོང་མོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བརྙན་འཕྲིན་གཏམ་བཤད་བྱས་ཏེ། ནུབ་ཕྱོགས་ཀྱིས་བཟོས་པའི་འཕུར་མདེལ་སྤྱད་དེ་ཨུ་རུ་སུར་དངོས་སུ་འཇབ་རྒོལ་བྱས་པ་དེས། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལ་འཛམ་གླིང་ཧྲིལ་པོའི་ངོ་བོ་ལྡན་པར་བྱས་ཡོད། ཨུ་རུ་སུས་ཞི་བའི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅིང་། དུས་མཚུངས་སུ། མིག་སྔའི་གནས་བབ་ཀྱི་འཕེལ་རྒྱས་གང་རུང་ལ་ཆེད་དམིགས་སྒོས་གྲ་སྒྲིག་གང་ལེགས་བྱེད་འདོད་ཡོད་ཟེར།

ཕུའུ་ཅིང་གིས་ཨ་མེ་རི་ཁ་དང་དེ་བཞིན་བྱང་ཆིངས་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཅང་མ་འགོར་བའི་སྔོན་ལ། ཨུ་རུ་སུའི་མངའ་ཁོངས་སུ་རྒྱང་བསྟེན་གནད་འཁེལ་ཚོད་འཛིན་མཚོན་ཆ་སྤྱོད་ཆོག་པ་ཁྱབ་སྒྲོག་བྱས་པའི་དབང་གིས། འཁྲུག་རྩོད་ཀྱི་གནས་སྟངས་སྔར་ལས་ཛ་དྲག་ཅན་ཏུ་ཕྱིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་གོ་མཚོན་བཟོ་སྐྲུན་རྒྱལ་ཁབ་ཀྱི་ཆེད་མཁས་པ་ཐད་ཀར་མ་ཞུགས་པ་ཡིན་ན། རྒྱང་བསྟེན་མཚོན་ཆ་དེ་དག་སྤྱད་དེ་ཨུ་རུ་སུའི་མངའ་ཁོངས་སུ་འཇབ་རྒོལ་བྱེད་མི་ཐུབ་ཅེས་ཡང་ཡང་ནན་བཤད་བྱས་མྱོང་ཟེར།

ཕུའུ་ཅིང་གིས་ཨ་མེ་རི་ཁས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདེལ6གིས་ཚེས19ཉིན། ཨུ་རུ་སུའི་པུའུ་ལེང་སི་ཁི་མངའ་སྡེ་རུ་ཡོད་པའི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། ཚེས21ཉིན་དབྱིན་ཇིས་བཟོས་པའི“རླུང་འཚུབ་གྲིབ་གཟུགས”རྟགས་ཅན་གྱི་འཕུར་མདེལ་དང་ཨ་མེ་རི་ཁས་བཟོས་པའི“ཧའེ་མ་སི”རྟགས་ཅན་གྱི་མེ་ཤུགས་འཕུར་མདས་ཨུ་རུ་སུའི་ཁུའུ་ཨར་སི་ཁི་མངའ་སྡེ་ཡི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས།  ཨུ་རུ་སུའི་མཁའ་ཟོན་དམག་དཔུང་གིས་གོང་གསལ་གྱི་འཇབ་རྒོལ་དེ་དག་རིམ་པར་ཕམ་ཉེས་བཏང་བའི་གོ་རིམ་ཁྲོད་དུ། རང་ཕྱོགས་ཀྱི་མི་སྣར་ཤི་རྨས་བྱུང་ཡོད་ཟེར།

ཕུའུ་ཅིང་གིས་ཨུ་རུ་སུར་རྒྱང་བསྟེན་མཚོན་ཆ་སྤྱོད་བཞིན་པ་ལས་ཨུ་རུ་སུའི་དམིགས་བསལ་དམག་དོན་བྱ་སྤྱོད་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁ་དང་དབྱིན་ཇིའི་རྒྱང་བསྟེན་ཚོན་ཆ་བཀོལ་ནས་ཨུ་རུ་སུའི་མངའ་ཁོངས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་ཆེད། ཚེས21ཉིན། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྱིས་ཝུའུ་ཁི་ལན་གྱི་ཏིས་ཉེ་པོ་ལའོ་ཕིས་ཏི་ལའོ་ཧྥུའུ་སི་ཁི་ཡི་འཕུར་མདེལ་ཐོན་སྐྱེད་བྱེད་སའི་བཟོ་ལས་ཁུལ་ཞིག་ལ་རྡུང་རྡེག་བཏང་ཡོད། ཨུ་རུ་སུའི་དམག་དཔུང་གིས་ད་ཐེངས་ཀྱི་རྡུང་རྡེག་དངོས་ཀྱི་ཁྲོད་དུ། མིང་ལ“ཀྲེན་ཧྲུའུ”ཞེས་འབོད་པའི་གསར་དུ་ཞིབ་བཟོ་བྱས་པའི་ལམ་ཐག་འབྲིང་བའི་མདེལ་ལམ་འཕུར་མདེལ་ཚོད་ལྟ་བྱས་པ་ལས་ཉིང་རྡུལ་འབར་མདེལ་བཀོལ་མེད། འཕུར་མདེལ་དེས་མ་ཧི10ཡི་མྱུར་ཚད་ལ་བརྟེན་ནས་དམིགས་འབེན་ལ་ཕར་རྒོལ་བྱེད་ཐུབ་ཀྱིན་ཡོད་པས། “མིག་སྔར་འཕུར་མདེལ་དེའི་རིགས་འགོག་ཐུབ་ཀྱིན་མེད”ཟེར།

ཕུའུ་ཅིང་གིས་2019ལོར་ཨ་མེ་རི་ཁས་ཕྱོགས་རྐྱང་པའི་ངོས་ནས《ལམ་ཐིག་འབྲིང་བའི་མདེལ་ལམ་འཕུར་མདའི་ཆིངས་ཡིག》ནས་ཕྱིར་འཐེན་བྱས་པར་རྒོལ་གཏམ་བཏང་བའི་དུས་མཚུངས་སུ། “ཨུ་རུ་སུས་རང་མོས་དང་ཕྱོགས་རྐྱང་པའི་ངོས་ནས་ཁས་ལེན་བྱས་པ་འདི་ལྟར། ཨ་མེ་རི་ཁས་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་རྒྱང་འབྲིང་ཐུང་གི་འཕུར་མདེལ་བཀོད་སྒྲིག་མ་བྱས་པའི་སྔོན་ལ། ཨུ་རུ་སུས་མཚོན་ཆ་དེའི་རིགས་བཀོད་སྒྲིག་བྱེད་མི་སྲིད་ཟེར།

མཇུག་ཏུ་ཕུའུ་ཅིང་གིས་རྒྱལ་སྤྱིའི་བདེ་འཇགས་མ་ལག་ལ་གཏོར་བཤིག་གཏོང་མཁན་ནི་ཨུ་རུ་སུ་མིན་པར་ཨ་མེ་རི་ཁ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་བཙན་དབང་གི་གོ་གནས་ལ་སྲུང་སྐྱོབ་བྱེད་པའི་བསམ་སྦྱོར་དེས་འཛམ་གླིང་ཡོངས་དམག་འཁྲུག་གི་ཁྲོད་འཕེན་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྩོད་གཞི་མཐའ་དག་ཞི་བས་ཐག་གཅོད་འདོད་ཡོད་ལ་དེ་བསྟུན་གྱི་གྲ་སྒྲིག་ཀྱང་བྱས་ཡོད་ལ། དུས་མཚུངས་སུ། མིག་སྔའི་གནས་བབ་ཀྱི་འཕེལ་རྒྱས་གང་རུང་ལ་གྲ་སྒྲིག་ཡག་པོ་བྱེད་ཀྱིན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།