ཟླ11པའི་ཚེས21ཉིན། ཧྥིན་ལན་སྲིད་གཞུང་གིས2025ལོའི་རྗེས་སུ། རྒྱལ་ཁབ་དེས་པ་ལོན་མཚོ་ལག་གི་ཡོ་རོབ་དང་བྱང་སྣེའི་ཁྱབ་ཁོངས་ཀྱི་ལས་འཛིན་ལྷན་ཚོགས་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས།
ཧྥིན་ལན་སྲིད་གཞུང་གིས་ཉིན་དེར་བསྒྲགས་པའི་གསར་འགྱུར་རྩོམ་ཡིག་ནང་བཤད་རྒྱུར། ཧྥིན་ལན་པ་ལོན་མཚོ་ལག་གི་ཡོ་རོབ་དང་བྱང་སྣེའི་ཁྱབ་ཁོངས་ཀྱི་ལས་འཛིན་ལྷན་ཚོགས་ནས་ཕྱིར་འབུད་བྱེད་དོན་ནི། ཡོ་རོབ་ཀྱི་བདེ་འཇགས་གནས་བབ་དང་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ནས་ས་ཁོངས་མཉམ་ལས་ལ་ཤུགས་རྐྱེན་ཐེབས་པའི་དབང་གིས་ཡིན་ཟེར།
ཧྥིན་ལན་སྲིད་གཞུང་གིས་དུས་མཚུངས་སུ་འདོད་དོན། བྱང་རྒྱུད་ས་ཁུལ་གྱི་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་ཧྥིན་ལན་གྱི་ངོས་ནས་བཤད་ན་སྔོན་ཆད་ལས་གལ་འགངས་ཤིན་ཏུ་ཆེ། ཧྥིན་ལན་གྱིས་མུ་མཐུད་དུ་སུའེ་ཙེར་དང་ནོར་ཝེ་ཡི་བར་ལ་མཉམ་ལས་བྱས་ནས། ཡོ་རོབ་བྱང་མའི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་ཟེར།
པ་ལོན་མཚོ་ལག་གི་ཡོ་རོབ་དང་བྱང་སྣེའི་ཁྱབ་ཁོངས་ཀྱི་ལས་འཛིན་ལྷན་ཚོགས་ནི1993ལོར་བཙུགས་པ་དང་། དེ་ནི་ས་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཆེད་བཙུགས་པའི་ས་ཁུལ་སྲིད་གཞུང་བར་གྱི་རྩ་འཛུགས་ཤིག་ཡིན་ཞིང་། ཁོངས་མིའི་གྲས་སུ་ཏེན་མག་དང་ཧྥིན་ལན། འཁྱགས་གླིང་། ནོར་ཝེ། ཨུ་རུ་སུ། སུའེ་ཙེར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བཅས་ཡོད། 2023ལོའི་ཟླ9པར་ཨུ་རུ་སུས་ལས་འཛིན་ལྷན་ཚོགས་ནས་ཕྱིར་འབུད་བྱས་པ་ཁྱབ་སྒྲོག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།