ཕུའུ་ཅིན་གྱིས་ཨུ་རུ་སིའི་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་ཚད་རིམ་ལྟར་འཕུར་མདའ་གསར་བའི་ཚོད་ལྟའི་ལས་དོན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།
2024.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས22ཉིན་གྱི་དགོང་མོར། ཨུ་རུ་སིས་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་ཚད་རིམ་ལ་གཞིགས་ནས། འཕར་མདའ་གསར་བའི་ཚོད་ལྟའི་ལས་དོན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལ། དེའི་ཁྲོད་དུ་དངོས་འཐབ་ཚོད་ལྟ་ཀྱང་འདུས་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེའི་དགོང་མོར་ཁི་ལིས་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་འགོ་ཁྲིད་རིམ་པ་དང་དམག་དོན་བཟོ་ལས་ཕྱོགས་བསྡུས་ཚོགས་པའི་འཐུས་མི་དང་ཐུག་འཕྲད་བྱེད་སྐབས། ཀྲིན་ཧྲུའུ་རྟགས་ཅན་གྱི་འཕུར་མདའ་གསར་སྤེལ་ཐད་ཀྱི་མྱུར་ཚད་དང་གྲུབ་འབྲས་ནི་གཟི་བརྗིད་དུ་རྩིས་ཆོག་ལ་ཡིད་སྨོན་འཆོར་བ་ཞིག་རེད་ཅེས་བཤད་པ་དང་། ཉེ་ལམ་ཨུ་རུ་སི་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་འཇིགས་སྐུལ་དང་འགྲན་སློང་གསར་བར་འཕྲད་པས། མཚོན་ཆ་འདིའི་རིགས་གསར་སྤེལ་བྱེད་རྒྱུ་ནི་ཨུ་རུ་སི་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཀྲིན་ཧྲུའུ་རྟགས་ཅན་གྱི་འཕུར་མདའ་ནི་སུའུ་ལེན་གྱི་མཚོན་ཆ་རྙིང་བ་དེང་རབས་ཅན་དུ་བསྒྱུར་བ་ཙམ་མིན་ལ། རྣམ་པ་གསར་བའི་ཞིབ་འཇུག་གྲུབ་འབྲས་ཤིག་རེད། དེའི་ཟིལ་ཤུགས་ནི་ལྷག་པར་གཞི་རྒྱ་ཆེ་བའི་ཚོགས་ཁག་འགུལ་སྐྱོད་ཁྲོད་དུ་དགྲ་ཕྱོགས་ཀྱི་དམིགས་འབེན་ལ་རྡུང་རྡེག་གཏོང་བའི་ནུས་པ་འཐབ་ཇུས་མཚོན་ཆ་དང་བསྡུར་ཆོག་པ་ཞིག་རེད། མིག་སྔར་འཛམ་གླིང་སྟེང་འཕུར་མདའ་འདི་འགོག་ཐུབ་པའི་ལག་རྩལ་མེད་ཟེར།

ཕུའུ་ཅིན་གྱིས་ཨུ་རུ་སིས་ད་ལྟ་མ་ལག་ལྡན་པའི་འབྲིང་རིང་ཚད་ཀྱི་འཕུར་མདའི་མ་ལག་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་ཅིང་། ཀྲིན་ཧྲུའུ་རྟགས་ཅན་གྱི་འཕུར་མདའ་ལས་གཞན། མིག་སྔར་ད་དུང་འདི་རིགས་ཀྱི་འཕུར་མདའི་རིགས་སྣ་ཁ་ཤས་ཡོད་པར་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། མ་འོངས་པར་གྲངས་འབོར་ཐོན་སྐྱེད་བྱེད་སྲིད་ཅེས་བསྟན་ཡོད།

ཕུའུ་ཅིན་གྱིས་ཚེས21ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་ཁྲོད་དུ། ཨ་མེ་རི་ཁ་དང་དབྱིན་ཇིའི་རྒྱང་བསྟེན་མཚོན་ཆས་ཨུ་རུ་སིའི་མངའ་ཁོངས་སུ་འཇབ་རྒོལ་བྱས་པར་ཕྱིན་ལན་སྤྲོད་པ་མཚོན་བྱེད་དུ། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་ཝུའུ་ཁི་ལན་གྱི་ཏིས་ཧྲི་པོ་ལོ་ཕིས་ཏི་ལོ་ཧྥུའུ་སི་ཁི་ཡི་འཕུར་མདའ་ཐོན་སྐྱེད་བྱེད་སའི་བཟོ་ལས་ཁུལ་དུ་རྡུང་རྡེག་བཏང་བ་ཡིན་ཞེས་བཤད་པ་དང་། ཨུ་རུ་སིའི་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་མིང་དུ་ཀྲིན་ཧྲུའུ་ཟེར་བའི་འབྲིང་རིམ་ཚད་གཞིའི་འཕུར་མདའ་གསར་བ་ཞིག་ཚོད་ལྟ་བྱས་ཀྱང་། དེའི་སྟེང་འབར་མདེལ་བཟུང་མེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།