འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་རོགས་སྐྱོབ་རླངས་འཁོར་རུ་ཁག་སུའུ་ཏན་ནུབ་ཕྱོགས་ཀྱི་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་པའི་སྒར་སར་འབྱོར།
2024.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཚེས22ཉིན་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་རོགས་སྐྱོབ་དངོས་རྫས་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ཅིག་ཉིན་དེར་སུའུ་ཏན་ནུབ་ཕྱོགས་ཀྱི་ཏ་ཨར་ཧྥུའུ་ཨར་མངའ་སྡེའི་བྱང་ཁུལ་གྱི་ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་པའི་སྒར་སར་འབྱོར་བ་དང་། འདི་ནི་ད་ལོའི་ཟླ8པའི་ཚུན་དུ་ཡུལ་གྱར་བའི་སྒར་སར་ཐོན་པའི་རོགས་སྐྱོབ་རླངས་འཁོར་ཐོག་མ་ཡིན་ཟེར།

གསལ་བསྒྲགས་ལས། ཉེ་སྔོན། ཏ་ཨར་ཧྥུའུ་ཨར་མངའ་སྡེའི་བྱང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཧྥ་ཞི་ཨར་མཐའ་འཁོར་དུ་འགལ་བའི་རྒྱུན་མཐུད་ཞིང་ཆར་བབས་པ་ལས་གཞུང་ལམ་ལ་བཀག་རྐྱེན་བཟོས་པས། ཀྲ་མུའུ་ཀྲ་མུའུ་ཡུལ་གྱར་པའི་སྒར་སར་སྐྱེལ་འདྲེན་བྱེད་པའི་རོགས་སྐྱོབ་དངོས་རྫས་འདྲུད་མཚམས་བཅད་པ་རེད་ཟེར།

གསལ་བསྒྲགས་ལས། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་སུའུ་ཏན་གྱི་ས་ཁུལ་མང་བོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་བདུན་བརྒྱ་ལྷག་མངགས་པ་དང་། རླངས་འཁོར་དེ་དག་གིས་ཏུན་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱའི་དངོས་རྫས་དྲུད་ཡོད་པས། མི་ས་ཡ་གཅིག་དང་འབུམ་ལྔ་ཡི་ཟླ་གཅིག་གི་འབྲུ་རིགས་དགོས་མཁོ་བསྐང་ཐུབ་པའི་རེ་བ་ཡོད་ཅེས་འཁོད་ཡོད་ལ། ད་ལོའི་ཟླ9པའི་ཚུན་དུ། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཟླ་རེར་ཆ་སྙོམ་གྱིས་སུའུ་ཏན་གྱི་མི་ས་ཡ་གཉིས་ལ་འབྲུ་རིགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱས་ཡོད་ཟེར།

འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་ཧྥེ་གླིང་ཤར་མ་ས་ཁུལ་གྱི་གཙོ་སྐྱོང་བ་པུའུ་ཁའེ་ལཱ་ཡིས་གསལ་བསྒྲགས་ཁྲོད་བཤད་རྒྱུར། མིག་སྔར་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་སུའུ་ཏན་གྱི་མི་ཆོས་རིང་ལུགས་རོགས་སྐྱོབ་ཐད་འབད་པ་བྱེད་བཞིན་པའི་སྒང་ཡིན་ལ། རོགས་སྐྱོབ་དངོས་རྫས་དག་དགོས་མཁོ་ཆེ་བའི་མི་སྔར་ལས་མང་བོའི་ལག་དུ་འཕྲོད་པར་འབད་འབུངས་བྱེད་བཞིན་ཡོད་ཅེས་བཤད་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་སུའུ་ཏན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། མཐའ་མཚམས་འགག་སྒོ་ཡོད་ཚད་ཀྱིས་སྒོ་འབྱེད་རྣམ་པ་སྲུང་འཛིན་བྱས་ནས་རོགས་སྐྱོབ་རླངས་འཁོར་བདེ་འཇགས་སྒོས་བགྲོད་པར་ཁག་ཐེག་བྱ་རྒྱུའི་རེ་བ་བྱས་ཡོད་ཟེར།

2023ལོའི་ཟླ4ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་བྲེལ་མྱུར་རོགས་སྐྱོབ་དམག་དཔུང་བར་རྒྱལ་ས་ཁ་ཐུའུ་མུའུ་ནས་དྲག་ཤུགས་འགལ་བ་བྱུང་བ་དང་། དམག་འཁྲུག་དེར་མཐུད་ཀྱིས་ས་ཁུལ་གཞན་པར་མཆེད་པ་རེད། ལོ་གཅིག་ལྷག་རིང་རྒྱུན་སྲིང་བྱས་པའི་དྲག་ཤུགས་འགལ་བ་ལས་མི་ཉིས་ཁྲི་བདུན་སྟོང་དང་བརྒྱ་ཡི་ཚེ་སྲོག་ཤོར་བ་དང་། མི་བྱེ་བ་གཅིག་ས་ཡ་གཅིག་འབུམ་བརྒྱད་ལྷག་ཡུལ་གྱར་པར་གྱུར་ཞིང་། མི་བྱེ་བ་གཉིས་ས་ཡ་བརྒྱད་འབུམ་དགུ་ལ་མི་ཆོས་རོགས་སྐྱོབ་དགོས་མཁོ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ད་ལོའི་ཟླ10པར། སུའུ་ཏན་གྱི་དྲག་ཤུགས་འགལ་བས་རྒྱལ་ནང་གི་བརྒྱ་ཆའི་གོ་བདུན་གྱི་མི་གྲངས་ལྟོགས་སྡུག་ཚབས་ཆེན་ལ་འཕྲད་ཡོད་པའི་ཉེན་བརྡ་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།