མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་རི་ནེ་ཝ་རུ་བསྡུས།
2024.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ11ཚེས21ཉིན་ནས་ཚེས22ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་རི་ནེ་ཝ་རུ་བསྡུས་པ་དང་། གྲོས་ཚོགས་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྲུང་སྐྱོང་བྱེད་རོགས་ཚན་ཁག་གི་ཁོངས་མིའི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་ལས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་གནད་དོན་གྱི་དམིགས་བསལ་སྙན་ཞུ་འབུལ་མཁན་ཏུའུ་ཧན་གྱིས་མཉམ་དུ་བསྡུས་པ་ཞིག་རེད། ཨུ་རི་སི་དང་། ཨུ་རི་སི་དཀར་པོ། ཝེ་ནེ་ཙུའེ་ལ། ཁི་པ། དབྱི་ལིང་། ཙན་པུ་ཝེ་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་མི་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་རི་ནེ་ཝའི་རྒྱུན་སྡོད་ཆེད་མངགས་ཕོ་ཉ། མཉམ་འབྲེལ་རྒྱལ་ཚོགས་མ་ལག་གི་འཐུས་མི། རྒྱལ་ཁབ་སོ་སོའི་ཆེད་མཁས་པ་སོགས་མི་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས། ཕྱོགས་སོ་སོའི་གཏམ་བཤད་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་ཀྱི་ཉེན་སྐྱོན་ཐད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ་དང་།  འདྲ་མཉམ་བརྩི་འཇོག་གི་རྨང་གཞིའི་སྟེང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་ལ་མཉམ་དུ་འགོག་རྒོལ་བྱེད་པ་དང་ཤུགས་རྐྱེན་ངན་པ་སེལ་ཐུབ་བྱེད་དགོས་ཞེས་ཡོངས་ཁྱབ་ཀྱི་འབོད་སྐུལ་བཏང་།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གི་ལས་རོགས་པ་མིའོ་ཏི་ཡུས་ཀྱིས་བརྙན་རིས་རྣམ་པས་གཙོ་དོན་གཏམ་བཤད་སྤེལ་ཏེ། ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་ནི་ཕྱོགས་རྐྱང་རིང་ལུགས་ཀྱི་དཔེ་མཚོན་ཐབས་ལམ་ཞིག་ཡིན་ལ། རྒྱལ་སྤྱིའི་ཞི་བདེ་བརྟན་འཇགས་ལ་གནོད་སྐྱོན་ཚབས་ཆེན་གཏོང་བ་མ་ཟད། རྒྱལ་ཁབ་སོ་སོའི་འབྱོར་ཕྱུག་འཕེལ་རྒྱས་ལ་བཀག་རྒྱ་བཟོ་ཞིང་། ལམ་ལུགས་ཀྱི་བཀག་རྐྱེན་ཐེབས་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཐོབ་ཐང་ལ་བཙན་འཛུལ་བྱས་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། དོན་དངོས་སུ་ཐག་གཅོད་བྱེད་དགོས་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཅིང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱས་ཡོད། དྲང་བདེན་འདྲ་མཉམ་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་མཉམ་སྤྱོད་བྱེད་པ་དར་སྤེལ་གཏོང་བཞིན་ཡོད། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཁྱབ་ཁོངས་ཁྲོད་ཀྱི་ཕྱོགས་རྐྱང་བའི་བཙན་གནོན་བྱེད་ཐབས་སྔ་མོ་ནས་རྩ་མེད་དུ་གཏོང་བ་དང་དེ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཡོངས་སུ་མེད་པར་གཏོང་བར་འབད་པ་མཐའ་འཁྱོལ་བྱས་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་པར་འཐད་པ་ཡིན་ཞེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།