ཉིའུ་ཡོ་ཁྲིམས་ཁང་གིས་ཐི་ལིང་ཕུའུ་ཡི“ཁ་འགོག་ལྐོག་རྔན”གྱི་གྱོད་གཞིའི་ཁྲིམས་གཅོད་དུས་བཀག་མེད་པར་ནར་འགྱངས་བྱས།
2024.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཚེས22ཉིན་ཨ་རིའི་ཉིའུ་ཡོ་ཁུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཧུའུ་ཨན·མེ་ཨར་ཧྲང་གིས་ཙུང་ཐུང་ཐི་ལིང་ཕུའུ་ཡི“ཁ་འགོག་ལྐོག་རྔན”གྱི་གྱོད་གཞིའི་ཁྲིམས་གཅོད་དུས་བཀག་མེད་པར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས།

ཉིན་དེར་མེ་ཨར་ཧྲང་གིས་ཐི་ལིང་ཕུའུ་ཕྱོགས་ཀྱིས“ཁ་འགོག་ལྐོག་རྔན”གྱི་གྱོད་གཞི་མེད་པར་བཟོ་བའི་སྐོར་བཏོན་པའི་རེ་ཞུར་ཆོག་མཆན་བཀོད་པར་མ་ཟད། ཐི་ལིང་ཕུའུ་ཡི་ཚོགས་པས་ཆེས་འཕྱི་ན་ཟླ12པའི་ཚེས2ཉིན་གྱོད་གཞི་མེད་པར་བཟོ་རྒྱུའི་གྲོས་འཆར་འབུལ་དགོས་པ་དང་། མན་ཧཱ་ཏུན་ས་ཁུལ་གྱི་ཞིབ་དཔྱོད་ཕྱོགས་ཀྱིས་ཆེས་འཕྱི་ན་ཟླ12པའི་ཚེས9ཉིན་ཨ་ལན་སྤྲོད་དགོས་པའི་བླང་བྱ་བཏོན།

ཉིའུ་ཡོ་གྲོང་ཁྱེར་མན་ཧཱ་ཏུན་ས་ཁུལ་གྱི་ཞིབ་དཔྱོད་དཔོན་གཞུང་སྒྲུབ་ཁང་གིས་ཚེས་19ཉིན་མེ་ཨར་ཧྲང་ལ་འཕྲིན་ཡིག་སྤྲིངས་ནས། ཁྲིམས་ཁང་གིས་གྱོད་གཞི་དེའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་དུས་ཚོད་སྔར་ལས་ནར་འགྱངས་བྱ་རྒྱུར་ངོ་རྒོལ་མི་བྱེད་པ་དང་། ཞུ་སྦྱོར་ཕྱི་མའི་ཙུང་ཐུང་གི་འགན་འཁུར་ཡུན་མཇུག་མ་སྒྲིལ་བར་ནར་འགྱངས་བྱ་རྒྱུའི་བསམ་གཞིག་བྱེད་ཆོག་ཅེས་བསྟན།

མི12ལས་གྲུབ་པའི་བཤེར་རོགས་ཚོགས་པས་ཟླ5པའི་ཚེས30ཉིན་ཐི་ལིང་ཕུའུ་ཡིས2016ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་སྐབས་གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་བུད་མེད་དར་མ་ཞིག་ལ“ཁ་འགོག་ལྐོག་རྔན”ཨ་སྒོར་འབུམ་གཅིག་དང་ཁྲི་གསུམ་བྱིན་པ་སྦ་གསང་བྱ་ཆེད།    ཚོང་ལས་ཀྱི་ཟིན་ཐོ་རྫུན་བཟོ་བྱས་པ་དེ་ཉིའུ་ཡོ་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ལས་འགལ་ནས་ཉེས་འཛུགས་རྣམ་གྲངས34གྲུབ་པའི་ཉེས་དོན་ཐག་བཅད།     དེའི་རྗེས་གྱོད་གཞི་དེའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་དུས་ཚོད་དེ་ཐོག་མའི་ཟླ7པའི་ཚེས11ཉིན་ནས་ཟླ9པའི་ཚེས18ཉིན་དང་ཟླ11པའི་ཚེས26ཉིན་བར་ནར་འགྱངས་བྱས།

ཤ་བོ་རིན་མཚོས་བསྒྱུར།