ཨུ་རུ་སིས་ནུབ་ཕྱོགས་ཀྱིས་མཐོང་ཆུང་བྱས་པར་རྒོལ་ལན་སྤྲོད་པའི་ནུས་པ་ལྡན་པར་བཤད་ལ་ཝུའུ་ཁི་ལན་གྱིས་འཕར་མདའི་འགོག་སྲུང་མ་ལག་རིམ་སྤོར་བྱེད་འདོད་ཡོད།
2024.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས22ཉིན་བཤད་རྒྱུར། གལ་ཏེ་ནུབ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སི་ཕྱོགས་ལ་མཐོང་ཆུང་བྱས་ན། ཨུ་རུ་སི་ལ་རྒོལ་ལན་སྤྲོད་པའི་ནུས་པ་ལྡན་པར་བཤད་ཅིང་། ཝུའུ་ཁི་ལན་གྱི་དམག་ཕྱོགས་ཀྱི་གསར་འགྱུར་མི་སྣས་ཚེས22ཉིན། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་ལྟ་ཨ་མེ་རི་ཁ་ཕྱོགས་དང་ད་ཡོད་ཀྱི་འཕུར་མདའི་འགོག་སྲུང་མ་ལག་དང་ནུས་པ་རིམ་སྤོར་བྱེད་པའི་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་ཟེར།

ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་སྒྲས་བགྲོས་ཚད་ལས་བརྒལ་བའི་འཕུར་མདའ་གསར་གྲས་ཀྲིན་ཧྲུའུ་ཞེས་པ་ཚོད་ལྟ་བྱས་པ་ལས། གལ་ཏེ་ནུབ་ཕྱོགས་ཀྱིས་མུ་མཐུད་ཨུ་རུ་སིའི་ཕྱོགས་སྣང་མེད་དུ་བཞག་ན། ཨུ་རུ་སི་ཕྱོགས་ལ་ཕྱིར་རྒོལ་ལན་སྤྲོད་པའི་ནུས་པ་ལྡན་པ་མཚོན་ཡོད་ཅེས་བཤད་པ་དང་། ཁོས་དུས་མཉམ་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྣམ་པ་གང་རུང་གི་འབྲེལ་འདྲིས་དང་ལེན་བྱས་ནས། གནས་བབ་ཞི་ལྷོད་དུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཝུའུ་ཁི་ལན་རྒྱལ་སྤྱིའི་ཡིག་སྐྱེལ་འཕྲིན་གཏོང་ཁང་གིས་ཚེས22ཉིན། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བློ་འདོན་པུའུ་ཡི་གསར་འགྱུར་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཚེས21ཉིན་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་གཏོང་འཕེན་ཚོད་ལྟ་བྱས་པའི་འཕུར་མདའ་གསར་གྲས་ཀྱི་གྲངས་ཀ་ཉུང་བར་གཞིགས་ན། དེ་ནི་ཝུའུ་ཁི་ལན་ལ་འཇིགས་སྐུལ་ཙམ་གཏོང་བའི་ཆེད་རེད་ཟེར། ཝུའུ་ཁི་ལན་གྱིས་ད་ལྟ་ཨ་མེ་རི་ཁས་སཱ་ཏི་ཞེས་པའི་མདེལ་འགོག་མ་ལག་དང་། ད་ཡོད་ཀྱི་རྒྱལ་གཅེས་པ་ཅེས་པའི་འགོག་སྲུང་མ་ལག་རིམ་སྤོར་བྱེད་པའི་ཐད་ནས་རོགས་རམ་བྱེད་པར་གྲོས་མོལ་བྱེད་པ་ནི་གནས་ཚུལ་དེར་ཕྱིར་ལན་སྤྲོད་སྟངས་ཤིག་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཚེས21ཉིན་སྤྱི་ཚོགས་སྨྱན་བྱད་ཀྱི་གློག་རྡུལ་ཚགས་པར་སྟེང་རྩོམ་ཡིག་བཀོད་ནས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་གླིང་སྐྱོད་འཕུར་མདའ་བཀོལ་ནས་ཝུའུ་ཁི་ལན་གྱི་ཏིས་ཉེ་པོ་གྲོང་ཁྱེར་ལ་འཇབ་རྒོལ་བྱས་ཟེར། ཁོས་ནུབ་ཕྱོགས་ཀྱིས་ཨུ་རུ་སིའི་རིམ་སྤོར་འགུལ་སྐྱོད་ཐད་ནུས་ལྡན་གྱི་ལན་སྟེར་དགོས་པའི་འབོད་སྐུལ་བཏང་ཞིང་། དེ་མིན་ཚེ་ཚུར་རྒོལ་འདིའི་རིགས་ཡང་བསྐྱར་འབྱུང་སྲིད་ལ། ཚུར་རྒོལ་བྱ་ཡུལ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཙམ་མིན་པར་འདོད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས22ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་རིང་། ཨུ་རུ་སིའི་དམག་དཔུང་གིས་རལ་གྲི་རྟགས་ཅན་གྱི་སྒྲའི་བགྲོས་ཚད་ལས་བརྒལ་བའི་འཕུར་མདའ་སོགས་ཚད་གཞི་མཐོ་བའི་མཚོན་ཆ་དང་ཕར་རྒོལ་རིགས་ཀྱི་འཕུར་མདའ་བཀོལ་ནས་ཝུའུ་ཁི་ལན་ལ་རྡུང་རྡེག་ཐེངས་མང་བཏང་བ་དང་། ཨུ་རུ་སིའི་དམག་དཔུང་གིས་ཏུན་ཉེ་ཚི་ཁི་ས་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁུལ་མང་པོ་བདག་བཟུང་བྱས་ཡོད་ཟེར།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་འཐུས་མི་མོ་སི་ཁཱ་ལིས་ཁི་ཝ་ཡིས་ཚེས22ཉིན་མི་སྒེར་གྱི་སྤྱི་ཚོགས་སྨྱན་བྱད་ཀྱི་མིང་ཐོག་ནས་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་ཕྱོགས་དང་གྲོས་མོལ་བྱས་པ་བརྒྱུད། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ནས་ཡིན་པའི་སྡོད་དམངས་ཞེ་དྲུག་ཉིན་དེར་ཝུའུ་ཁི་ལན་ནས་ཕྱིར་ལོག་ཏུ་བཅུག་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱིའི་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས21ཉིན་གསལ་བསྒྲགས་སྤེལ་ནས། ཀྲ་པོ་ལོ་རི་ཉིང་གློག་ས་ཚིགས་ནས་ཉེ་ལམ་ཐེངས་གཉིས་ལ་དེར་འབྲེལ་གྱི་ཆན་ཧྥུའུ750ཅན་གྱི་གློག་ནུས་ཀྱི་མཇུག་མཐའི་སྐུལ་ཐག་གི་འབྲེལ་མཚམས་ཆད་པས། ཉིང་གློག་ས་ཚིགས་ཀྱི་ཉིང་རྡུལ་བདེ་འཇགས་ཀྱི་གནས་བབ་ལ་སེམས་ཁུར་ཆེ་བའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།