སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞེ་ཨར་གྱི་ཚོང་ར་ཞིག་དང་ཡུལ་གྱར་བའི་སྒར་ས་ཞིག་ལ་ཚེས23ཉིན་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། བསྡོམས་པས་མི22རྐྱེན་ལམ་དུ་ཤོར།
སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས23ཉིན་གྱི་དགོང་མོར་ཧྥ་ཞེ་ཨར་བྱང་ཤར་ས་ཁུལ་དུ་སྒྱོགས་མདེལ་འགའ་གཏོང་འཕེན་བྱས་པ་དང་། དེའི་ནང་སྒྱོགས་མདེལ་གསུམ་ས་དེའི་ཚོང་ར་ཞིག་ལ་ཕོག་ནས་མི་སེར་དཀྱུས་མ15རྐྱེན་ལམ་དུ་ཤོར་བ་དང་། མི20ལ་རྨས་ཕོག སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་གསལ་སྒྲོག་ནང་དུ་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མི་སེར་དཀྱུས་མར་མུ་འབྲེལ་དཔུང་འཇུག་བྱས་པར་རྒོལ་གཏམ་བཏང་།
གཞན་ཡང་ཧྥ་ཞེ་ཨར་གྱི་ཡུལ་གྱར་བའི་འཕྲལ་བསྟུན་ལྟེ་གནས་ཤིག་གིས་ཚེས23ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་བ་ལྟར་ན། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་སྒྱོགས་མདེལ་བཀོལ་ནས་ཧྥ་ཞེ་ཨར་བྱང་ཕྱོགས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བདུན་རྐྱེན་ལམ་དུ་ཤོར་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།