སྒོ་འབྱེད་པཱ་ཨར་ཀན་ཞེས་པའི་རྒུན་ཆང་འགྲེམ་ཚོགས་སྐབས་གསུམ་པས་རྒྱལ་ཁབ་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཡར་སྐུལ་བྱས།
2024.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

སྒོ་འབྱེད་པཱ་ཨར་ཀན་ཞེས་པའི་རྒུན་ཆང་འགྲེམ་ཚོགས་སྐབས་གསུམ་པ་ཉེ་སྔོན་སེར་ཝེ་ཡཱའི་རྒྱལ་ས་པེ་ཨར་ཀི་ལའེ་ཏིའི་འགྲེམ་ཚོགས་ལྟེ་གནས་སུ་སྤེལ་མགོ་བརྩམས། སྐབས་འདིའི་འགྲེམ་ཚོགས་ལ་རྒྱལ་ཁབ38ནས་ཡོང་བའི་ཚོང་བ650ལྷག་ཞུགས་ཡོད་པ་དང་། རྒྱལ་ཁབ་བར་གྱི་བརྗེ་རེས་དང་རྒྱུས་ལོན་ཇེ་དྲག་ཏུ་གཏོང་བར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད།

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཙུང་ལི་ཝུའུ་ཆེ་ཝེ་ཆི། དེ་མིན་མཱ་ཆི་ཏོན་བྱང་མའི་ཙུང་ལི་མུས་ཚི་ཁི་ཧྥུའུ་སི་ཅི་སོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཝུའུ་ཆི་ཆི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། འགྲེམ་ཚོགས་དེ་ཡོ་རོབ་གླིང་གི་རྒུན་ཆང་སྟོན་ཚོགས་ཆེན་མོ་ཨང་གསུམ་པར་གྱུར་ཡོད་ཅིང་། དེ་ནི་སེར་ཝེ་ཡཱ་དང་མཱ་ཆི་ཏོན་བྱང་མ། ཨར་པཱ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ཡིན་ཟེར། ཁོས་ད་རུང་བསྟན་དོན། ད་ལོའི་འགྲེམ་ཚོགས་ལ་ཀྲུང་གོ་ནས་ཡོང་བའི་ཚོང་བའང་མང་བོ་ཞུགས་ཡོད་ཟེར།

མུས་ཚི་ཁི་ཧྥུའུ་སི་ཅི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་འགྲེམ་ཚོགས་ལས་སྒོ་འབྱེད་ཀྱི་པཱ་ཨར་ཀན་གྱི་གྲོས་འདོན་ཁོངས་གཏོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས། ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་བརྗེ་ཏེས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐོབ་པ་མཚོན་ཡོད། རྒུན་ཆང་ནི་ཐོན་རྫས་ཁོ་ན་ཙམ་མ་ཡིན་པར། དེ་ནི་ང་ཚོའི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ཚབ་བྱེད་ཀྱང་ཡིན། དེ་མི་ཚད་མི་དང་མིའི་བར་གྱི་འབྲེལ་ཟམ་ལྟ་བུར་གྱུར་ནས་རྒྱུས་ལོན་དང་མཛའ་བརྩེ་ལ་སྐུལ་མ་བཏང་ཡོད་ཟེར།

ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འགྲེམ་ཚོགས་དེ་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་གིས་གྲུབ་འབྲས་མཉམ་སྤྱོད་དང་གྲོགས་པོའི་འབྲེལ་བ་འཚུགས་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

སྐབས་འདིའི་འགྲེམ་ཚོགས་དེ་ཚེས22ཉིན་སྤེལ་མགོ་བརྩམས་པ་དང་ཚོགས་ཡུན་ཉིན་གསུམ་རེད། འགྲེམ་ཚོགས་ནས་ཆེད་མཁས་འཆད་ཁྲིད་དང་། རྒུན་ཆང་དཔྱད་འདེམ་ཚོགས་འདུ། བཟའ་བཏུང་མྱོང་རོལ། ཚོང་དོན་ཚོང་གཏམ། འགྲན་སྡུར་སོགས་ལས་རིམ་དང་བྱ་འགུལ་བཀོད་སྒྲིག་བྱས་ཡོད། སེར་ཝེ་ཡཱའི་ཆང་བསྙལ་མཁན་པོའམ་རྒུན་འབྲུམ་འདེམ་འཛུགས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལའོ་དབྱེ་ཐའོ་ཡིས་མཚམས་སྦྱོར་བྱས་དོན། སྐབས་འདིའི་འགྲེམ་ཚོགས་ནས་ཚོང་དོན་ཚོང་གཏམ་ཚོགས་འདུ་སྟོང་གཉིས་ལྷག་བཀོད་སྒྲིག་བྱས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ཆེད་མཁས་པས་ད་རུང་རྒུན་ཆང་རིགས་སྣ900ལྷག་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།