མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་དགུ་བས་དུས་ཚོད་སུམ་ཅུ་ལྷག་ལ་འགོར་འགྱངས་བྱས་རྗེས་ཚེས24ཉིན་གྱི་ཞོགས་པར་གྲོལ། ཚོགས་ཆེན་ནས་ནམ་ཟླའི་དངུལ་གསོག་གི་ཐུན་མོང་ཚད་འཇལ་ཅན་གྱི་དམིགས་འབེན་གསར་བ་དང་ཕཱ་རེ་སིའི་གྲོས་ཆོད་དོན་ཚན་དྲུག་པའི་རྒྱལ་སྤྱིའི་ཐཱན་ཚོང་རའི་རྐྱེན་སྲོལ་སོགས་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱས་ཏེ། མིང་ལ་པཱ་ཁུའུ་ནམ་ཟླའི་མཐུན་སྒྲིལ་ཆིངས་ཡིག་ཅེས་པ་བཀོད།
ཚེས24ཉིན་གྱི་ཞོགས་པར་བསྡུས་པའི་གྲོས་ཚོགས་སྟེང་བསྟན་དོན། ཚོགས་ཆེན་ནས2025ལོའི་རྗེས་ཀྱི་ནམ་ཟླའི་མ་དངུལ་དམིགས་འབེན་དང་འབྲེལ་ཡོད་བཀོད་སྒྲིག་ལ་གྲོས་འཆམ་བྱུང་བ་དང་། 2035ལོའི་བར་དར་རྒྱས་རྒྱལ་ཁབ་ཀྱིས་ལོ་རེར་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་གསུམ་གྱི་མ་དངུལ་དམིགས་འབེན་དང་ལོ་རེར་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ནམ་ཟླའི་དངུལ་གསོག་དམིགས་འབེན་བཀོད་དེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགུལ་སྐྱོད་སྤེལ་བ་དང་། སང་ལོར་སྐོར་ཐེངས་གསར་བའི་རྒྱལ་ཁབ་རང་བདག་བྱས་རྗེས་འཇོག་པར་རྨང་གཞི་བཏིང་། ཚེས23ཉིན་གྱི་དགོང་མོའི་གྲོས་ཚོགས་སྟེང་། ཆིངས་ཡིག་བཀོད་པའི་ཕྱོགས་ཁག་ཉིས་བརྒྱ་ལྷག་གིས་ཕྱོགས་མང་བོའི་གྲོས་མོལ་གྱི་འགལ་བ་གཏོར་ནས། མཇུག་མཐར་ཕཱ་རེ་སིའི་གྲོས་ཆོད་ཀྱི་དོན་ཚན་དྲུག་པའི་འོག་གི་རྒྱལ་སྤྱིའི་ཐཱན་ཚོང་རའི་རྐྱེན་སྲོལ་ལ་གྲོས་འཆམ་བྱུང་། དེ་ལས་ཕཱ་རེ་སིའི་གྲོས་ཆོད་ཀྱི་དོན་ཚན་དྲུག་པའི་རྒྱལ་སྤྱིའི་ཐཱན་ཚོང་རའི་རྐྱེན་སྲོལ་གྱི་འཁོར་རྒྱུག་རྩ་གནད་གཏན་འཁེལ་བྱས་པ་མཚོན་ལ། ཕཱ་རེ་སིའི་གྲོས་ཆོད་ཁྲོད་ཀྱི་ཐག་གཅོད་ཐོབ་མེད་པའི་ཆེས་མཇུག་མཐའི་རྣམ་གྲངས་དེ་གཏན་འབེབས་བྱས་པ་རེད།
དེ་ལས་གཞན་ཚོགས་ཆེན་ནས་ད་རུང་ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བའི་བྱ་བའི་འཆར་གཞི་དང་འཛམ་གླིང་ཧྲིལ་བོ་ནམ་ཟླའི་འགྱུར་ལྡོག་གི་དམིགས་འབེན་དང་འཚམ་པར་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་ལྷད་མེད་ཐཱན་ཉུང་གི་ཚུལ་བསྒྱུར་རྣམ་པ་སྲ་བརྟན་དུ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།