ཝུ་ར་ཀུའེ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།
2024.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཝུ་ར་ཀུའེ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས24ཉིན་སྤེལ་བ་དང་། ངོ་རྒོལ་ཏང་ཁག་གཙོ་བོ་མནའ་འབྲེལ་འཐབ་ཕྱོགས་ཆེན་མོའི་འདེམ་སྒུག་པ་ཨོ་ཨར་ཞི་དང་སྲིད་འཛིན་ཏང་མི་རིགས་ཏང་གི་འདེམ་སྒུག་པ་ཏི་ཨར་ཅཱ་ཏའོ་གཉིས་ཀྱིས་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུ་རེད།

འདེམ་ཤོག་འཕེན་པའི་བྱ་འགུལ་ནི་ས་དེའི་ཞོགས་པའི་དུས་ཚོད8སྟེང་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད7དང་སྐར་མ30སྟེང་མཇུག་སྒྲིལ་རྒྱུ་རེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝུ་ར་ཀུའེ་ཡི་འདེམ་བསྐོའི་ཁྲིམས་ཁང་གིས་ཉིན་དེའི་དགོང་མོར་འདེམ་ཤོག་རྩིས་ལེན་གྱི་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད། འདེམ་ཤོག་འཕེན་པའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། ཝུ་ར་ཀུའེ་ཡི་ཉེན་རྟོག་དམག་མི་ཁྲི་གཅིག་ཙམ་གྱིས་ས་ཁུལ་སོ་སོར་སྒྲིག་ལམ་སྲུང་བཞིན་ཡོད།

ཝུ་ར་ཀུའེ་ཡིས་ཟླ10བའི་ཚེས27ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། འདེམ་བསྐོའི་ཁྲིམས་ཁང་གིས་ཟླ་འདིའི་ཚེས2ཉིན་ཁྱབ་བསྒྲགས་བྱས་པའི་སྐོར་ཐེངས་དང་པོའི་འདེམ་ཤོག་རྩིས་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། འདེམ་སྒུག་པ་གང་རུང་ལ་ཕྱེད་གྲངས་ལས་བརྒལ་ནས་ཐད་ཀར་བདམས་ཐོན་བྱུང་མེད་ལ། ཨོ་ཨར་ཞི་དང་ཏི་ཨར་ཅཱ་ཏའོ་གཉིས་ལ་སོ་སོར་འདེམ་ཤོག་ས་ཡ་གཅིག་དང་ཁྲི་བདུན་སྟོང་གཉིས་དང་འདེམ་ཤོག་འབུམ་དྲུག་དང་ཁྲི་ལྔ་སྟོང་ལྔ་ཐོབ་སྟེ། འདེམ་སྒུག་པ11ཁྲོད་ཀྱི་ཨང་དང་པོ་དང་གཉིས་པར་གྱུར་ཡོད།

ཝུ་ར་ཀུའེ་ཡི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་སྒུག་མི་སྣར་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་ན་ཐད་ཀར་བདམས་ཐོན་བྱས་ཆོག་པ་དང་། དེ་ལྟ་མིན་ཚེ་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད། སྐབས་ཐོག་དེར་འདེམ་ཤོག་མང་བོ་ཐོབ་པའི་འདེམ་སྒུག་པ་བདམས་ཐོན་བྱས་ཆོག

གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་གིས2025ལོའི་ཟླ3པའི་ཚེས1ཉིན་དངོས་སུ་ལས་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།