མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་ཚེས24ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། སི་རི་ཡཱ་ས་ཁུལ་གྱི་འཁྲུག་རྩོད་ནང་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕའེ་ཁའེ་རོའུ་ཡིས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་པུའུ་ཀྲང་སཱ་པཱ་ཀི་དང་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། ལེ་པཱ་ནུན་དང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཉེ་སྔོན་སི་རི་ཡཱའི་མི་འབུམ་བཞི་ལྷག་འཐབ་འཁྲུག་གི་ཉེན་ཁ་གཡོལ་ཆེད་ལེ་པཱ་ནུན་ནས་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་ཡོད་ལ། དེ་ནི་སི་རི་ཡཱའི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ན་འགན་འཁྲི་གལ་ཆེན་ཞིག་རེད་ཟེར།
ཕའེ་ཁའེ་རོའུ་ཡིས་བཤད་རྒྱུར། སི་རི་ཡཱ་མིག་སྔར་འགྲན་རྩོད་མང་བོར་འཕྲད་ཡོད་ཅིང་། ཕྱོགས་ཡོངས་ཀྱི་བྱེད་ཐབས་སྤྱད་དེ་རང་གི་གཏན་འཇགས་སླར་གསོ་བྱེད་དགོས། དེའི་ནང་སི་རི་ཡཱའི་ཆབ་སྲིད་གནས་བབ་ དང་། བདེ་འཇགས་གནས་བབ་ཐག་གཅོད་གང་ལེགས་བྱེད་པ་དང་། སི་རི་ཡཱའི་བདག་དབང་དང་སྒེར་ཚུགས་སླར་གསོ་བྱེད་པ། དཔལ་འབྱོར་སླར་གསོ་དང་བཀག་སྡོམ་མཇུག་སྒྲིལ་བ། དེ་མིན་བསྐྱར་འཛུགས་དང་ཡུལ་གྱར་བ་སོགས་ཀྱི་གནད་དོན་འདུས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔའི་བྲེལ་མྱུར་ཆེ་བའི་གནས་ཚུལ་འོག་ཏུ་སི་རི་ཡཱའི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།