དབྱི་ལིང་དང་ཨ་སེ་པེད་ཅང་གིས་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ།
2024.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ས་ངོས་དམག་དཔུང་དང་ཨ་སེ་པེད་ཅང་གི་སྐམ་དམག་གིས་ཉིན་དེར་དབྱི་ལིང་ནུབ་བྱང་ཕྱོགས་ཀྱི་ཨ་ཨར་ཏཱ་པུས་ལེ་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་ནས་ཚབ་མིང་ལ་ཨ་ལཱ་སི་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་གྱི་སྤེལ་ཡུན་ཉིན་བཞི་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་སྐམ་དམག་དམིགས་བསལ་དམག་དཔུང་གིས་དབྱི་ལིང་བྱང་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་མཐོ་ས་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། མཉམ་ལས་ལ་བརྟེན་ནས་རྩ་འཛུགས་ཡོད་པའི་ཁྲིམས་འགལ་དྲག་ཆས་ཚོགས་པར་ཆམ་ཕབ་གཏོང་བ་དང་། ཐུན་མོང་གི་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་མ་ཟད། དམག་དོན་ནུས་པ་མཐོར་འདེགས་བཏང་སྟེ། འཐབ་རྩལ་དང་འགུལ་སྐྱོད་རིམ་པའི་འགོག་སྲུང་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད།

བསྒྲགས་པ་ལྟར་ན། ཨ་སེ་པེད་ཅང་གི་དམག་དོན་འཐུས་ཚབ་ཚོགས་པ་ཚེས24ཉིན་གྱི་སྔ་དྲོར་ཨ་ཨར་ཏཱ་པུས་ཞིང་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ལ་འབྱོར་བ་དང་། མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་བར་དགོས་ངེས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་སྤེལ་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།