འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས25ཉིན་ཁྱབ་བསྒྲགས་བྱས་དོན། ད་ལྟའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་སྤྱི་ཚོགས་དམངས་གཙོ་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣར་བདམས་ཐོན་བྱུང་བ་དང་། སྐབས་རྗེས་མའི་སྲིད་གཞུང་གི་ཙུང་ལིའི་འགན་བསྟུད་མར་ཁུར་བར་འགྲན་རྩོད་བྱེད་རྒྱུ་རེད་ཟེར།
སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས25ཉིན་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། སྤྱི་ཚོགས་དམངས་གཙོ་ཏང་གི་འགོ་ཁྲིད་པ་སཱ་སི་ཅི་ཡཱ་ཨེ་སི་ཁུན་གྱིས་བསྟན་དོན། ཧྲའོ་ཨར་ཚི་སྤྱི་ཚོགས་དམངས་གཙོ་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་འདོན་བྱས་པ་དང་། མིག་སྔའི་འཇར་མན་དང་ཡོ་རོབ་གླིང་། འཛམ་གླིང་ཡོངས་ཀྱི་དམིགས་བསལ་གནས་བབ་འོག ཧྲའོ་ཨར་ཚི་ནི་ཡང་དག་པའི་འདེམ་སྒུག་མི་སྣ་རེད་ཟེར།
ཉེ་བའི་ཚུན་ལ། ཧྲའོ་ཨར་ཚི་ཡིས་མགོ་ཁྲིད་པའི་སྤྱི་ཚོགས་དམངས་གཙོ་ཏང་དང་རང་དབང་དམངས་གཙོ་ཏང་། ལྗང་མདོག་ཏང་བཅས་ཀྱིས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་ནང་ཁུལ་དུ་ནོར་སྲིད་སྲིད་ཇུས་སོགས་གནད་དོན་ཐད་འགལ་བ་ཚབས་ཆེན་བྱུང་ཡོད། ཟླ11པའི་ཚེས6ཉིན། ཧྲའོ་ཨར་ཚི་ཡིས་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་ཁི་ལི་སི་ཏིས་ཨན་ལིན་ཏི་ནཱ་ཡི་ནོར་སྲིད་པུའུ་ཀྲང་གི་ལས་འགན་བླངས་པ་དང་། ཉིན་དེར་རང་དབང་དམངས་གཙོ་ཏང་སྲིད་གཞུང་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པས། ཏང་ཁག་གསུམ་གྱི་སྲིད་འཛིན་མནའ་འབྲེལ་ཁ་ཐོར་དུ་གྱུར་བ་རེད།
ཧྲའོ་ཨར་ཚི་ཡིས་ཟླ12པའི་ཚེས16ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་ཙུང་ལིའི་ཡིད་ཆེས་འདེམ་ཤོག་འཕེན་རྒྱུ་ཐག་བཅད་ཡོད་ཅིང་། སྲིད་འཛིན་ཏང་ཁག་གཉིས་ཏེ་སྤྱི་ཚོགས་དམངས་གཙོ་ཏང་དང་ལྗང་མདོག་ཏང་གཉིས་ཀྱི་གྲོས་མིའི་ཁ་གྲངས་ཕྱེད་གྲངས་ལས་བརྒལ་མེད་པས། གལ་ཏེ་གློ་བུར་བའི་གནད་དོན་འདྲ་མེད་ན་ཡིད་ཆེས་འདེམ་ཤོག་འཕེན་པར་ལེགས་འགྲུབ་འབྱུང་ཐབས་མེད་པ་དང་། འཇར་མན་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་ན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གཏོར་དགོས་ལ། ཉིན་དྲུག་ཅུའི་ནང་སྐབས་གསར་བའི་གྲོས་ཁང་འདེམ་བསྐོ་བྱེད་དགོས་པ་རེད། སྤྱིར་བཏང་གི་གནས་ཚུལ་འོག རྒྱལ་ཁ་ཐོབ་པའི་ཏང་ཁག་ཆེན་མོས་མིང་འདོན་བྱས་པའི་འདེམ་སྒུག་མི་སྣས་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་དགོས་པ་རེད། ཚོད་དཔག་བྱས་ན་སང་ལོའི་ཟླ2པའི་ཚེས23ཉིན་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་རྒྱུ་རེད།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་དུ་ཐོག་དང་པོར་ཙུང་ལིའི་འདེམ་སྒུག་མི་སྣ་བཞི་ཡོད་པའི་གནས་ཚུལ་བྱུང་བ་རེད། ཧྲའོ་ཨར་ཚི་ལས་གཞན། ཙུང་ལིའི་འདེམ་སྒུག་མི་སྣ་གཞན་པ་གསུམ་ནི་སོ་སོར་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་མའོ་ཚི་དང་ལྗང་མདོག་ཏང་ནས་ཡོང་བའི་ད་ལྟའི་ཙུང་ལི་གཞོན་པ་ཧཱ་པེ་ཁི། འཇར་མན་གདམ་གསེས་ཏང་གི་ཀྲུའུ་ཞི་ཝེ་ཏི་ཨར་བཅས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།