དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་བརྒྱུད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་སྨྱན་བྱད་མང་བོས་ཚེས25ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་བརྒྱུད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར།

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཉིན་དེར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས24ཉིན་གྱི་དགོང་མོར་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་སོགས་དང་མཉམ་དུ་དབྱི་སི་རལ་དང་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་བྱེ་བྲག་གི་ནང་དོན་ལ་གྲོས་བསྡུར་བྱས་པ་དང་། འབྲེལ་ཡོད་གྲོས་མཐུན་གྱི་གྲོས་མོལ་ལ་ཡར་སྐུལ་བྱེད་པར་འཐད་པ་བྱུང་ཟེར། དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་དུས་རིམ་འགའ་བགོས་ཡོད་དེ། དུས་རིམ་དང་པོར་འཁྲུག་རྩོད་བྱེད་པའི་ཕྱོགས་གཉིས་ཀྱིས་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་། ཀྲིན་ཀྲུའུ་ཏང་གི་དྲག་ཆས་པ་ལེ་ཐཱ་ནེ་ཆུ་བོའི་བྱང་འགྲམ་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས། དུས་རིམ་གཉིས་པར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས། དུས་རིམ་གསུམ་པར་ཕྱོགས་གཉིས་ཀྱིས་རྩོད་གཞིར་གྱུར་བའི་མཐའ་མཚམས་ས་ཁུལ་ཐད་ནས་གྲོས་མོལ་བྱས་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གཏན་འཁེལ་བྱེད་དགོས་པ་བཅས་རེད།

དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། གྲོས་མཐུན་གྱི་ནང་དོན་ལ་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་རྐྱེན་སྲོལ་ཅིག་བཙུགས་ནས་ཀྲིན་ཀྲུའུ་ཏང་གི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པའི་འགན་ཁུར་བ་དང་། རྩ་འཛུགས་དེས་ལེ་ཐཱ་ནེ་ཆུ་བོའི་ལྷོ་འགྲམ་དུ་ཡང་བསྐྱར་བཀོད་སྒྲིག་བྱེད་པ་དང་ལེ་ཐཱ་ནེ་ཆུ་བོའི་བྱང་འགྲམ་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པར་སྔོན་འགོག་བྱེད་དགོས་པ་སོགས་འདུས། དེ་ལས་གཞན་དབྱི་སི་རལ་གྱིས་ད་རུང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཁག་ཐེག་ཡི་གེ་ཞིག་འདོན་སྤྲོད་བྱས་ཏེ། དབྱི་སི་རལ་གྱི་དམག་དཔུང་དག་ལེ་པཱ་ནུན་གྱི་མངའ་ཁོངས་སུ་རང་དབང་གིས་འགུལ་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཁག་ཐེག་ཡི་གེ་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ཁ་གསབ་ཆ་རྐྱེན་དུ་བྱེད་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ཕྱོགས་ཀྱིས་དེའི་སྔོན་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་ཐོག་མའི་ཆ་རྐྱེན་ནི་དབྱི་སི་རལ་གྱིས་ལེ་པཱ་ནུན་དུ་བཙན་འཛུལ་བྱེད་མཚམས་བཞག་སྟེ་ལེ་པཱ་ནུན་གྱི་བདག་དབང་ལ་བརྩི་འཇོག་བྱེད་རྒྱུ་ཁས་ལེན་དགོས་པ་དང་། དབྱི་སི་རལ་གྱིས་གྲོས་མོལ་ཁྲོད་ལུགས་མེད་ཆ་རྐྱེན་འདོན་རྩིས་བྱེད་མི་རུང་ཟེར།

དབྱི་སི་རལ་དང་ཀྲིན་ཀྲུའུ་ཏང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཞོར་དུ་ཕྱོགས་གཉིས་ཀྱིས་ཉེ་སྔོན་ཕན་ཚུན་ལ་དམིགས་པའི་དམག་དོན་ཆམ་ཕབ་ཤུགས་ཚད་ཇེ་ཆེར་བཏང་ཡོད། ཚེས24ཉིན། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་ས་ཁུལ་མང་བོར་འཕུར་མདའ250ལྷག་གཏོང་འཕེན་བྱས་ཏེ་མི་མང་བོར་རྨས་ཕོག ཚེས24ཉིན་གྱི་དགོང་མོར་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་དང་དེའི་ལྷོ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་མང་སྤེལ་ཏེ། ཉུང་མཐར་ཡང་མི29རྐྱེན་ལམ་དུ་ཤོར་བ་དང་། མི66ལ་རྨས་ཕོག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།