མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྱིག་ཤོག་སྦགས་བཙོག་གི་སྐོར་ཐེངས་གསར་བའི་གྲོས་མོལ་ཧན་གོའི་ཧྥོ་ཧྲན་ནས་ཚོགས་མགོ་བརྩམས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

འགྱིག་ཤོག་སྦགས་བཙོག་གི་སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚེས25ཉིན་གྱི་སྔ་དྲོར་ཧན་གོའི་ཧྥོ་ཧྲན་ནས་ཚོགས་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ178ནས་ཡོང་བའི་གྲོས་མོལ་འཐུས་མི་སྟོང་གཅིག་དང་བཞི་བརྒྱ་ལྷག་དང་། སྲིད་གཞུང་བར་གྱི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། དེ་མིན་སྨྱན་བྱད་བཅས་ཀྱི་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྣེ་ཁྲིད་ཅིང་། ཕྱི་འབྲེལ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ཚོང་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ་སོགས་སྡེ་ཁག་དང་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས། ལས་རིགས་མཐུན་ཚོགས་བཅས་མཉམ་དུ་ཞུགས་པའི་འཐུས་ཚབ་ཚོགས་པ་གྲོས་ཚོགས་ལ་ཞུགས།

འགྱིག་ཤོག་སྦགས་བཙོག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཁོར་ཡུག་གི་འགྲན་རྩོད་གལ་ཆེན་ཞིག་ཡིན་པ་དང་། སྐབས་རིམ་བྱུང་གི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་ནས་གནད་སར་བཟུང་སྟེ་དོ་སྣང་བྱེད་པའི་གྲོས་གཞི་ཞིག་ཀྱང་ཡིན། 2022ལོའི་ཟླ3པར། སྐབས་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་གྱི་རྗེས་མཐུད་གྲོས་ཚོགས་སྟེང་འགྱིག་ཤོག་སྦགས་བཙོག་མེད་པར་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། གྲོས་ཚོགས་ཐེངས་ལྔ་བསྡུས་ནས2024ལོའི་ལོ་མཇུག་གི་སྔོན་ལ་འགྱིག་ཤོག་སྦགས་བཙོག་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་ལྡན་པའི་རྒྱལ་སྤྱིའི་ཡིག་ཆ་ཞིག་གཏན་འབེབས་བྱེད་པར་འབད་བརྩོན་བྱེད་རྒྱུ་ཐག་བཅད། སྔོན་གྱི་ཐེངས་བཞིའི་གྲོས་ཚོགས་དེ་སོ་སོར་ཝུ་ར་ཀུའེ་དང་ཧྥ་རན་སི། ཁུན་ནེ་ཡཱ། ཁཱ་ནཱ་ཏཱ་བཅས་སུ་བསྡུས་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཇི་ལྟར་ཕན་ནུས་ལྡན་པའི་སྒོ་ནས་འགྱིག་ཤོག་སྦགས་བཙོག་ཐག་གཅོད་བྱེད་པའི་ཐད་ནས་ལྟ་ཚུལ་དང་བསམ་འཆར་བཏོན།

ཉིན་དེར་ཚོགས་མགོ་བརྩམས་པའི་གྲོས་ཚོགས་ཐེངས་ལྔ་བ་ནི་དབང་བསྩལ་ཡུན་ཚད་ནང་ཡིག་ཆ་ཡོངས་འགྲུབ་བྱེད་པའི་གྲོས་མོལ་གྱི་ཆེས་མཇུག་མཐའི་གྲོས་ཚོགས་ཡིན་པས། ཁོངས་གཏོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྒྱ་ཆེར་དོ་སྣང་བྱེད་བཞིན་ཡོད་ལ། ཕྱོགས་སོ་སོས་ཧྥོ་ཧྲན་ནས་གྲོས་མོལ་དེ་ཡོངས་འགྲུབ་བྱེད་པར་རེ་སྒུག་ཆེན་པོ་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།