ཨེ་ཅིབ་ཀྱི་མཚོ་དམར་ཞིང་ཆེན་སྲིད་གཞུང་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་མཚོ་དམར་མཚོ་ཁོངས་སུ་ཡུལ་སྐོར་གྲུ་གཟིངས་མཚོར་ནུབ་པའི་དོན་རྐྱེན་བྱུང་བ་དང་། མིག་སྔར་ད་རུང་ཨེ་ཅིབ་ཀྱི་མི4དང་ཕྱི་རྒྱལ་གྱི་མི12གར་སོང་རྙེད་མེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་བའི་ཡུལ་སྐོར་གྲུ་གཟིངས་དེར་མི44དྲུད་ཡོད་པ་དང་། ཨེ་ཅིབ་ཀྱི་མི13དང་རྒྱལ་ཁབ11ནས་ཡོང་བའི་འགྲུལ་བ་འདུས་ཡོད་ལ། རྒྱལ་ཁབ་དེ་དག་ལ་འཇར་མན་དང་དབྱིན་ཇི། ཨ་མེ་རི་ཁ། ཕའོ་ལན། པུ་ལི་ཧྲི། སུའེ་ཙེར། ཧྥུན་ལན། ཀྲུང་གོ། སི་ལོ་ཝ་ཁི། སི་ཕན། ཨིར་ལན་བཅས་འདུས་ཡོད་ཟེར།
མཚོ་དམར་ཞིང་ཆེན་གྱི་ཧྲིན་ཀྲང་ཨ་མུའུ་ལུའུ་ཧན་ཧྥེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། མིག་སྔར་བསྡོམས་པས་མི28བསྐྱབས་ཡོད་ཅིང་། ཁོ་ཚོའི་ལུས་ཕུང་གནས་ཚུལ་བཟང་བ་དང་། སྔོག་སྐྱོབ་འགུལ་སྐྱོད་དང་དོན་རྐྱེན་དེའི་འབྱུང་རྐྱེན་གྱི་རྟོག་ཞིབ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། གྲུ་གཟིངས་དེར་ཟླ་གསུམ་པར་མཚོ་དོན་བདེ་འཇགས་ཞིབ་བཤེར་བྱས་པ་དང་། ལོ་ངོ་གཅིག་གི་ནུས་ལྡན་དཔང་ཡིག་ཐོབ་ཡོད་ཟེར། གྲུ་བ་དང་ཡུལ་སྐོར་བས་བཤད་པ་ལྟར་ན། ཡུལ་སྐོར་གྲུ་གཟིངས་དེ་ནི་རྦ་རླབས་དྲག་པོར་འཕྲད་ནས་ལོག་པ་རེད།
ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས25ཉིན་སྤྱི་སྒྲོག་སྤེལ་ཏེ། དོན་རྐྱེན་བྱུང་རྗེས། གཞུང་ཚབ་ཁང་གིས་དུས་ཐོག་ཏུ་འཕྲལ་སྒྲུབ་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། ཨེ་ཅིབ་ཀྱི་རྒྱལ་སྲུང་པུའུ་དང་ནང་སྲིད་པུའུ་སོགས་ཀྱི་ཐབས་ལམ་མང་བོ་བརྒྱུད་དེ་བྱེ་བྲག་གི་གནས་ཚུལ་ལ་རྒྱུས་ལོན་བྱས། རྒྱུས་ལོན་རགས་ཙམ་བྱུང་བ་ལྟར་ན། ཀྲུང་གོའི་ཡུལ་སྐོར་བ་གཉིས་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སའི་མཚོ་ཁོངས་ནས་གྲུ་གཟིངས་གཞན་པས་བསྐྱབས་པ་དང་། གཞུང་ཚབ་ཁང་གིས་ཀྲུང་གོའི་ཡུལ་སྐོར་བ་གཉིས་ལ་ཁ་པར་བཏང་ནས་འཚམས་འདྲི་བྱས་པ་དང་། མི་དེ་གཉིས་ཀྱི་ལུས་ཕུང་བདེ་ཐང་གི་གནས་ཚུལ་བཟང་། གཞུང་ཚབ་ཁང་གིས་ཨེ་ཅིབ་ཕྱོགས་ཀྱིས་མི་དེ་གཉིས་ལ་རོགས་སྐྱོར་དང་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།