ཀྲུང་གོ་དང་འཇར་པན་གྱི་མ་འོངས་པའི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་བའི་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུ་ཏུང་ཅིང་ནས་སྤེལ།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུང་གོ་དང་འཇར་པན་གྱི་མ་འོངས་པའི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་བའི་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུ་ཚེས24ཉིན་འཇར་པན་ཏུང་ཅིང་ནས་སྤེལ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་མང་བོ་ནས་ཡོང་བའི་སློབ་མ92ཀྱིས་ཀྲུང་གོ་དང་འཇར་པན་གྱི་མ་འོངས་པའི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་བར་ཞུགས་པའི་ཞིབ་འཇུག་གྲུབ་འབྲས་འགྲེམ་སྟོན་བྱས།

ཀྲུང་གོ་དང་འཇར་པན་གྱི་མ་འོངས་པའི་གསར་གཏོད་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་བས་ལོ་ངོ་ཉི་ཤུའི་རྗེས་ཀྱི་ང་ཚོ་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་པ་དང་། ཟླ9བའི་ཟླ་མཇུག་ཏུ་མགོ་བརྩམས་པ་རེད། རྒྱལ་ཁབ་གཉིས་ཀྱི་སློབ་མ་དག་ཞིབ་འཇུག་ཁྱབ་ཁོངས་གཞིར་བཟུང་ནས་ཁོར་ཡུག་དང་ཕན་བདེ། རིག་གནས། སློབ་གསོ་བཅས་ཕྱོགས་བཞིར་དགར་ཡོད་ཅིང་། ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་རྟོག་ཞིབ། ཚན་ཆུང་གྲོས་བསྡུར་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲེལ་ཡོད་གྲོས་གཞིའི་ཐད་ནས་དུས་ཡུན་ཟླ་ངོ་གཉིས་ཀྱི་མཉམ་ལས་ཞིབ་འཇུག་བྱས་པ་རེད།

གྲུབ་འབྲས་འགྲེམ་སྟོན་ཚོགས་འདུའི་སྟེང་། རྒྱལ་ཁབ་གཉིས་ཀྱི་སློབ་མས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་མཚམས་འཇོག་བྱས་ཤིང་། ལོ་ངོ་ཉི་ཤུའི་རྗེས་ཀྱི་སྤྱི་ཚོགས་རྣམ་པར་བསམ་བློ་ཞིབ་ཏུ་བཏང་བ་དང་། དེའི་ཞོར་དུ་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་སྤེལ་ངེས་པའི་མཉམ་ལས་ལའང་གྲོས་བསྡུར་བྱས། སློབ་མ་མང་བོས་བསྟན་དོན། ཟླ་ངོ་གཉིས་ལ་མཉམ་དུ་གནས་པ་ལས་ཕ་རོལ་གྱི་རྒྱལ་ཁབ་དང་རིག་གནས་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་སོང་ཡོད་ཟེར།

འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ཀུང་ཚན་ཏུའུ་ཁི་ཝེ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ན་གཞོན་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་རེ་བ་དང་མ་འོངས་པ་ཡིན་ལ། ན་གཞོན་གྱི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བརྗེ་རེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་གླེང་སྟེགས་མགོ་བརྩམས་པའི་ཚུན་ལ། ཀྲུང་གོ་དང་འཇར་པན་གྱི་ན་གཞོན་དག་གིས་རྟོག་ཞིབ་ཟབ་མོ་བྱས་པ་དང་། བརྗེ་རེས་དང་དཔྱད་བསྡུར་བྱས་ཏེ། གསར་གཏོད་ཀྱིས་ཕྱུག་ཅིང་འཛུགས་སྐྲུན་རང་བཞིན་ལྡན་པའི་ལྟ་བ་དང་གྲོས་གཞི་མང་བོ་བཏོན་ཡོད་ལ། ལྟ་བ་དང་གྲོས་གཞི་དེ་དག་གིས་ཤེས་རིག་གི་ཐོད་གཏུག་དང་སེམས་ཀྱི་མཉམ་འདྲེས་ལ་བདེན་དཔང་བྱས་ཡོད་པ་དང་། ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་བྱེད་པ་མཚོན་ཡོད། རྒྱུས་ལོན་དང་བརྩི་འཇོག་དེ་རིགས་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བའི་རྨང་གཞི་གལ་ཆེན་ཏུ་འགྱུར་སྲིད་ཟེར།

འཇར་པན་ནོར་སྲིད་ཚོགས་པའི་ལས་འཛིན་དཔོན་ཝེ་ཞིན་ཝུའུ་ཧྲིག་གིས་ཞུ་ཚིག་འབུལ་སྐབས་རང་ཉིད་ཀྱི་འདས་པའི་ལོ་ངོ40ལྷག་རིང་ལ་ཐེངས་མང་བོར་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ཕྱིར་དྲན་བྱས། ཁོས་བསྟན་དོན། ཕན་ཚུན་གདོང་གཏད་ནས་བརྗེ་རེས་བྱེད་པ་དེ་རྒྱུས་ལོན་ཇེ་ཟབ་ཏུ་འགྲོ་བར་གལ་འགངས་ཧ་ཅང་ཆེ་བ་དང་། དམངས་ཁྲོད་བརྗེ་རེས་ཀྱིས་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་ཐུབ་པས། ངེས་པར་དུ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་དགོས་ཟེར།

སྐབས་འདིའི་གླེང་སྟེགས་ནི་ཧྲི་ཁྲོན་ཧི་ཕེན་ནོར་སྲིད་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་མི་དམངས་སློབ་ཆེན་དང་འཇར་པན་ཚན་རིག་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་རོགས་སྒྲུབ་བྱས་པ་དང་། འཇར་པན་ཕྱི་འབྲེལ་པུའུ་དང་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སློབ་གསོ་ཁྲུའུ་ཡིས་རྒྱབ་སྐྱོར་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།