ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ཚུལ་བསྟན།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཚེས26ཉིན་རྒྱལ་ས་ཅིན་པེན་ནས་བསྡུས་པའི2024ལོའི་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བའི་དཔལ་འབྱོར་དང་ཚན་རྩལ་མཐོ་རིམ་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། ཨེ་ཤ་ཡཱའི་ཤར་ལྷོའི་ས་ཁུལ་ལ་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཁེ་ཕན་ཐོབ་སྲིད་ཟེར།

ཧོང་མཱ་ནེ་ཡིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འདོན་སྒྲོམ་གཞིའི་འོག ཀྲུང་གོའི་ཁེ་ལས་ཀྱིས་མུ་མཐུད་དུ་ཁམ་ཕུ་ཀྲེའི་ལག་རྩལ་གོང་འཕེལ་ལ་རོགས་འདེགས་བྱས་ཡོད། ཁམ་ཕུ་ཀྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་ཡིན་པ་དང་། ཀྲུང་གོས་ཁམ་ཕུ་ཀྲེའི་དངུལ་གཏོང་ཇེ་མང་དུ་གཏོང་བར་ཁོར་ཡུག་བཟང་བོ་གསར་བསྐྲུན་བྱས་ཡོད་ཟེར།

ཧོང་མཱ་ནེ་ཡིས་བལྟས་ན། མིས་བཟོས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། འཕྲུལ་མི། རྒྱུ་ཆ་གསར་བ་སོགས་ཐོན་སྐྱེད་ནུས་ཤུགས་གསར་མ་བཅས་ཀྱིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་ཧྲིལ་བོར་དེའི་ཁྲོད་ཁེ་ཕན་ཐོབ་ཡོད་ལ། ཁྱད་པར་དུ་དཔལ་འབྱོར་དང་ལག་རྩལ། ལྷད་མེད་འཕེལ་རྒྱས་བཅས་ཀྱི་ཁྱབ་ཁོངས་ལྷག་ཏུ་དེ་ལྟར་ཡིན་པར་འདོད།

ཧོང་མཱ་ནེ་ཡིས་བཤད་རྒྱུར། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་པ་ལས་ཁམ་ཕུ་ཀྲེ་ལ་སྔར་ལས་ཁོད་ཡངས་པའི་ཚོང་ར་གསར་འབྱེད་བྱེད་དུ་བཅུག་ཡོད་ཟེར། ཁོས་ཁམ་ཕུ་ཀྲེ་སྲིད་གཞུང་གིས་དངུལ་གཏོང་མཁན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། སྲིད་ཇུས་བཏོན་ནས་དངུལ་གཏོང་ནང་འགུག་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་ཁས་ལེན་བྱས།

ཚོགས་ཡུན་ཉིན་གཅིག་ཡིན་པའི་མཐོ་རིམ་གྲོས་ཚོགས་སྟེང་། ཚོགས་ཞུགས་མཁན་གྱིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་པ་དང་དངུལ་གཏོང་མཁན་གྱིས་ཕྱི་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ནུས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་དང་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བྱས་རྗེས་སོགས་གྲོས་གཞིའི་ཐད་ནས་རྒྱ་ཁྱབ་ཏུ་གྲོས་བསྡུར་ཟབ་མོ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།