དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་ཆོག་མཆན་བཀོད།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས26ཉིན་གྱི་དགོང་མོར་གྲོས་ཚོགས་བསྡུས་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ཚེས27ཉིན་གྱི་དུས་ཚོད10སྟེང་ནུས་ལྡན་དུ་འགྱུར་སྲིད།

ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བརྙན་རིས་གསལ་སྒྲོག་སྤེལ་ཏེ། ཁོས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ནེ་ཀིར་སྤྲད་ནས་ཆོག་མཆན་འགོད་དུ་བཅུག་ཡོད། ལག་བསྟར་ཐུབ་པའི་གྲོས་མཐུན་ནི་གྲོས་མཐུན་བཟང་བོ་ཡིན་པས། ང་ཚོས་ངེས་པར་དུ་ལག་བསྟར་བྱེད་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། གལ་ཏེ་ཀྲིན་ཀྲུའུ་ཏང་གིས་གྲོས་མཐུན་དང་འགལ་བའི་སྒོ་ནས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་ཡང་བསྐྱར་དྲག་ཆས་པ་བཀོད་སྒྲིག་བྱས་ན། དབྱི་སི་རལ་གྱིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཀྲིན་ཀྲུའུ་ཏང་གི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་གང་རུང་ལ་དབྱི་སི་རལ་གྱིས་དྲག་ཤུགས་ལ་བརྟེན་ནས་རྒོལ་ལན་སྤྲོད་སྲིད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཀྲིན་ཀྲུའུ་ཏང་ལ་རག་ལས་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱས་པར་ཕྱོགས་གསུམ་གྱི་གནད་དོན་ལ་བསམ་བློ་བཏང་བ་ཡིན་ཏེ། གཅིག་ནས་དབྱི་ལིང་གི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་། གཉིས་ནས་དམག་དཔུང་གིས་ངལ་གསོ་ལེགས་སྒྲིག་བྱས་ནས་མཚོན་ཆའི་གསོག་གྲབས་ཁ་གསབ་བྱེད་པ། གསུམ་ནས་དགྲ་བོའི་ལྷོ་བྱང་བར་གྱི་འབྲེལ་ཐག་གཅོད་པ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཁེར་རྐྱང་དུ་ཕུད་པ་བཅས་ཡིན། ཀྲིན་ཀྲུའུ་ཏང་འཐབ་འཁྲུག་ལས་ཕྱིར་བུད་རྗེས། ཧཱ་མཱ་སི་ཡིས་ཁེར་རྐྱང་དུ་འཐབ་འཁྲུག་བྱེད་དགོས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་གནོན་ཤུགས་བྱིན་ནས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་མི་སྣ་དག་ཕྱིར་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གཞན་ཡང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་ནང་ཞུགས་པ་དང་དབྱི་སི་རལ་གྱིས་གྲོས་མཐུན་ལག་བསྟར་བྱེད་པའི་ཐད་འགུལ་སྐྱོད་སྤེལ་བའི་རང་དབང་སོར་འཇོག་བྱས་པར་བཀའ་དྲིན་ཞུས། པེད་ཏིན་གྱིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཁོས་ནེ་ཐཱ་ནི་ཡཱ་ཧུའུ་དང་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་གཉིས་ལ་ཁ་པར་བཏང་སྟེ། དབྱི་སི་རལ་དང་ལེ་པཱ་ནུན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ལེན་བྱས་པ་ངོས་ལེན་བྱས་ཡོད་ཟེར། པེད་ཏིན་གྱིས་ད་རུང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་མཐུན་དེ་འགོད་པར་སྐུལ་འདེད་བཏང་བར་བཀའ་དྲིན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།