ཨུ་རུ་སི་ཡིས་དབྱིན་ཇིའི་སྤྱི་དམངས30ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས26ཉིན་དབྱིན་ཇིའི་སྤྱི་དམངས30ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཏེ། དབྱིན་ཇིའི་སྲིད་གཞུང་གི་དགྲར་འཛིན་བྱ་སྤྱོད་ལ་རྒོལ་ལན་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱིན་ཇིའི་སྲིད་གཞུང་གིས་ཡང་དང་བསྐྱར་དུ་བཙན་འཛུལ་རང་བཞིན་གྱི་ཨུ་རུ་སིར་རྒོལ་བའི་གཏམ་བཤད་སྤེལ་བ་དང་། མ་ལག་ལྡན་པའི་སྒོ་ནས་ཨུ་རུ་སིར་ཁྲིམས་འགལ་གྱི་ཕྱོགས་གཅིག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་མ་ཟད། ས་ཁུལ་གྱི་ཆབ་སྲིད་ཁེ་ཕན་བརྩོན་ལེན་བྱེད་པ་དམིགས་ཡུལ་དུ་བྱེད་པའི་ཝུའུ་ཁི་ལན་གྱི་སྲིད་དབང་ལ་རྒྱབ་སྐྱོར་བྱས་ཏེ། ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་དོན་སྙིང་ཅི་ཡང་མེད་པར་འགོར་འགྱངས་བྱས་པ་རེད། དབྱིན་ཇིའི་དགྲར་འཛིན་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཆེད། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སིར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་འཛིན་པའི་དབྱིན་ཇིའི་ཆབ་སྲིད་ལས་རིགས་དང་དམག་དོན་སྡེ་ཚོགས། མཐོ་གསར་ཚན་རྩལ་ཁེ་ལས་ཀྱི་འཐུས་མི། སྨྱན་བྱད་མི་སྣ་བཅས་མི་སྐོར་ཞིག་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་མི་ཆོག་པའི་མིང་ཐོའི་ནང་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།

གསལ་སྒྲོག་ལྟར་ན། བཀག་སྡོམ་མིང་ཐོའི་ཁྲོད་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞོན་པ་ལོས་ནཱ་དང་ནང་སྲིད་བློན་ཆེན་ཁུའུ་པའོ། ནོར་སྲིད་བློན་ཆེན་ལི་ཧྥུའུ་སི་སོགས་འདུས།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས26ཉིན་ཨུ་རུ་སིར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་གཅིག་གིས་ཨུ་རུ་སིའི་བཅའ་ཁྲིམས་ལ་འགལ་བའི་སྒོ་ནས་ཨུ་རུ་སིའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་གསང་འཕྲིན་བྱ་འགུལ་གཉེར་བའི་དབང་གིས་དུས་བཅད་ནང་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དོན་དེའི་ཐད་ནས་ཨུ་རུ་སིར་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་ཏེ་ངོ་རྒོལ་གྱི་ལངས་ཕྱོགས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།